མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ཉིང་རྡུལ་བདེ་འཇགས་དབུ་ཚོགས་སྐབས་བཞི་པར་ཞུགས་པ་དང་འབྲེལ་
གལ་ཆེའི་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་ཉིང་རྡུལ་བདེ་འཇགས་དབུ་ཚོགས་སྐབས་བཞི་པར་ཞུགས་པ་དང་འབྲེལ་
གལ་ཆེའི་གསུང་བཤད་ཀྱང་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན་ཉིང་རྡུལ་བདེ་འཇགས་དབུ་ཚོགས་སྐབས་བཞི་པ་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ《རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་ཉིང་རྡུལ་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་དང་། འདྲ་མཉམ་དང་། མཉམ་ལས། གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་འཛུགས་རྒྱུར་དམིགས་ཏེ་ཀྲུང་གོའི་སྲིད་ཇུས་དང་འདོད་ཚུལ་ལ་ཁྱོན་ཡོངས་ནས་འགྲེལ་བཤད་དང་། ཉིང་རྡུལ་བདེ་འཇགས་ཁྱབ་ཁོངས་ནང་ཐོབ་པའི་ཀྲུང་གོའི་འཕེལ་རིམ་གསར་པ་ངོ་སྤྲོད། རྒྱལ་ཁབ་དེ་གའི་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་ཀྲུང་གོའི་བྱེད་ཐབས་ཁྱབ་བསྒྲགས་བཅས་གནང་བ་རེད།
         ད་ཐེངས་ཀྱི་དབུ་ཚོགས་དེ“རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་ལ་ཤུགས་སྣོན་རྒྱག་རྒྱུ”བརྗོད་བྱ་གཙོ་བོར་བྱས་ཡོད་པ་དང་རྒྱལ་ཁབ་52ཀྱི་འགོ་ཁྲིད་དམ་ཡང་ན་འཐུས་མི་དང་། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
         ཞིས་ཅིན་ཕིང་གི་གསུང་བཤད་ནང་བསྟན་དོན། ངས་ཧའེ་ཡ་རུ་འཚོགས་པའི་ཉིང་རྡུལ་བདེ་འཇགས་དབུ་ཚོགས་སྐབས་གསུམ་པའི་ཐོག་འདྲ་མཉམ་དང་། མཉམ་ལས། གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་འཛུགས་རྒྱུའི་འདོད་ཚུལ་བཏོན་ཡོད། དེར་བརྟེན་ང་ཚོས་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ། མཉམ་ལས་གཉིས་ཕན་ལྟེ་བར་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ། རྩ་ལག་མཉམ་བཅོས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་ཉིང་རྡུལ་བདེ་འཇགས་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་ཡུན་རིང་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་དགོས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཉིང་རྡུལ་བདེ་འཇགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ནས་མཐུན་སྦྱོར་མཉམ་སྤེལ་གྱི་འཕེལ་ཕྱོགས་ལ་སྐུལ་འདེད་གཏོང་དགོས། ཉིང་རྡུལ་བདེ་འཇགས་རིག་གནས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་གཏོད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། ཧའེ་ཡ་དབུ་ཚོགས་འཚོགས་ཚུན་ཉིང་རྡུལ་བདེ་འཇགས་ཁྱབ་ཁོངས་ནང་ཀྲུང་གོར་འཕེལ་རིམ་གསར་པ་བྱུང་ཡོད། ཀྲུང་གོས་ལེགས་ཐོག་ལེགས་བརྩོན་གྱི་འདུ་ཤེས་འཛིན་ནས་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་ཕན་ནུས་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཉིང་རྡུལ་བདེ་འཇགས་དེ་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་མ་ལག་དང་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ནང་བཅུག་སྟེ་ཉིང་རྡུལ་བདེ་འཇགས་འཐབ་ཇུས་ཀྱི་ངེས་གནས་ཁ་གསལ་བཟོས་ཡོད། ཀྲུང་གོས་ཁ་བཤད་ལག་བསྟར་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་འོས་འགན་དང་ཆབ་སྲིད་ཀྱི་ཁས་ལེན་ལག་བསྟར་རྣམ་དག་བྱ་རྒྱུ་ཡིན། ཀྲུང་གོས་མཉམ་ལས་གཉིས་ཕན་གྱི་འདུན་པ་བཅངས་ཏེ་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན།
         ཞིས་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་དེ་གའི་ཉིང་རྡུལ་བདེ་འཇགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལག་རྩལ་དང་ཉམས་མྱོང་མཉམ་སྤྱོད་ཀྱིས་ཐོན་ཁུངས་དང་ལས་སྟེགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཀྱི་ནུས་པ་འཛུགས་སྐྱོང་གི་དྲ་བ་བཙུགས་ཏེ་ཡིའུ་གར་ཚད་ཉུང་དུ་གཏོང་བའི་མཉམ་ལས་རྣམ་པ་ཁྱབ་གདལ་གཏོང་བ་དང་། འགྱེད་འཕྲོའི་ཡོང་ཁུངས་བདེ་འཇགས་བྱ་སྤྱོད་འཆར་གཞི་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉིང་རྡུལ་གྱི་འཇིགས་སྐུལ་ཉེན་ཁར་ཁ་གཏད་གཅོག་པའི་ལག་རྩལ་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ་འདོན་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་ཉིང་རྡུལ་གློག་ཁང་གི་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་ཁྱབ་གདལ་གཏོང་དགོས། ང་ཚོས་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱས་ཏེ་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་ཕྱིན་ཉིང་རྡུལ་ནུས་པས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པའི་མདུན་ལམ་ངེས་པར་དུ་འོད་སྟོང་ལྡན་པ་ཞིག་ཡོང་ངེས་རེད་ཅེས་ནན་བཤད་གནང་བ་རེད།
         ཚོགས་ཞུགས་འགོ་ཁྲིད་མི་སྣས་གཏམ་བཤད་སྤེལ་བའི་ནང་རང་སོ་སོའི་རྒྱལ་ཁབ་ཀྱི་སྲིད་ཇུས་འདོད་ཚུལ་དང་བྱ་ཐབས་ངོ་སྤྲོད་གནང་བ་དང་ཉིང་རྡུལ་བདེ་འཇགས་དབུ་ཚོགས་ཀྱི་འཕེལ་རིམ་གྱིས་གོ་ལ་ཧྲིལ་པོའི་ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་སྒྲིག་ཆས་བདེ་འཇགས་ལ་སྲུང་སྐྱོང་དང་ཤུགས་སྣོན་རྒྱག་པའི་ཐད་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་རྗེས་མའི་དབུ་ཚོགས་དུས་རབས་སུ་འབྲེལ་ཡོད་རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།