མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཝ་ཧྲིང་ཐོན་དུ་དབྱི་རན་གནད་དོན་གྱི་རྒྱལ་ཁབ་དྲུག་ལམ་སྲོལ་འགོ་ཁྲིད་མི་སྣའི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཞིས་ཅིན་ཕིང་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ཕྱོགས་ཡོངས་ནས་གྲོས་མཐུན་བཞག་པ་དེ་ནི་ཧ་ལས་དགོས་པའི་ལམ་ཚད་རྡོ་རིང་ཞིག་ཡིན་པ་དང་དུས་མཚུངས་ལག་བསྟར་བྱེད་པའི་ཐད་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། ཕྱོགས་ཡོངས་ཀྱི་གྲོས་མོལ་ཡག་པོ་བྱེད་དགོས་ལ་ལག་བསྟར་ཡང་ཡག་པོ་བྱེད་དགོས། ང་ཚོས་ཆབ་སྲིད་ཀྱི་ཁས་ལེན་ཡག་པོ་བསྲུངས་ནས་གྲོས་མཐུན་ལག་ལེན་བསྟར་རྒྱུ་རྣམ་པ་ཙམ་དུ་མི་འགྱུར་བའི་འགན་ལེན་བྱེད་དགོས། ཕྱི་ཕྱོགས་ཀྱི་འགོག་རྐྱེན་བསལ་ནས་གནད་དོན་གཞན་དག་ལས་བྱུང་བའི་འགལ་ཟླས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་ལེན་བསྟར་རྒྱུར་བར་ཆད་མི་ཡོང་བའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
ཞིས་ཅིན་ཕིང་གིས་དེང་གི་འཛམ་གླིང་སྔར་བཞིན་ཞི་བདེ་མེད་པ་དང་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་གཅིག་འཇགས་གཅིག་ལངས་ངང་ཐོན་གྱི་ཡོད་པས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་ཐུབ་པ་དེས་ང་ཚོར་བློ་སྒོ་མི་ཉུང་བ་ཞིག་འབྱེད་པ་སྟེ། དང་པོ། གླེང་མོལ་གྲོས་མོལ་བྱ་རྒྱུ་ནི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པའི་གདམ་ག་ཡག་ཤོས་རེད། གླེང་མོལ་གྲོས་མོལ་བྱེད་པར་དུས་ཚོད་རིང་པོ་དང་དཀའ་བ་ཆེན་པོ་སྤྱོད་དགོས་མོད། འོན་ཀྱང་གྲུབ་འབྲས་བརྟན་པོ་ཐོབ་པ་དང་། གཉིས་པ། རྒྱལ་སྤྱིའི་རོགས་ལས་ནི་རྩོད་གཞི་གལ་ཆེན་ཐག་གཅོད་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་རེད། རྒྱལ་ཁབ་ཆེན་པོ་ཁག་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་དང་འདྲ་བར་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་ལྷུང་མེད་པ་ཞིག་ཏུ་འགྱུར་བ་བྱེད་དགོས་པ། གསུམ་པ། དྲང་གཞག་དྲང་བདེན་ནི་རྒྱལ་སྤྱིའི་གྲོས་མཐུན་འཇོག་པའི་གཞི་རྩའི་རྩ་དོན་ཞིག་རེད། རྒྱལ་ཁབ་ཁག་གིས་ལུགས་མཐུན་དོ་ཁུར་བྱེད་རིགས་ཚང་མ་ཐག་གཅོད་འོས་འཚམ་ཐུབ་པ་བྱེད་དགོས། རྒྱལ་སྤྱིའི་རྩོད་གཞི་དྲང་གཞག་ངང་ཐག་གཅོད་བྱེད་དགོས་པ་ལས་ཚད་གཞི་གཉིས་བཟུང་རིགས་ལ་ཕན་འབྲས་ཐོན་གྱི་མེད། བཞི་པ་ཆབ་སྲིད་ཇུས་འདོན་ནི་གྲོས་མོལ་ལ་ཚད་བརྒལ་ཡོང་བ་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། ཕྱོགས་ཁག་གིས་འགལ་ཟླ་གཙོ་བོར་དམ་འཛིན་ཡག་པོ་བྱས་ནས་འགག་རྩའི་དུས་སུ་བློ་ཐག་ཆོད་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཞིས་ཅིན་ཕིང་གིས་ཀྲུང་གོ་ནི་སྔ་བར་ཕྱི་གསུམ་དུ་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་འཕེལ་རིམ་ནང་ཧུར་ཐག་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཡིན། ང་ཚོས་ཕྱོགས་ཁག་དང་མཉམ་དུ་ཕྱོགས་ཡོངས་ཀྱི་གྲོས་མཐུན་རྗེས་མཐུད་ལག་ལེན་ཐུབ་ཆེད་འབད་བརྩོན་ལྷོད་མེད་བྱས་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
རྒྱལ་སྤྱིའི་རྡུལ་ཕྲན་ནུས་པ་སྒྲིག་གཞིའི་སྤྱི་ཁྱབ་ཀན་ཧྲི་ཐན་ཡེ་ཀྲི་སྨིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་ལེན་བསྟར་ཚུལ་སྙན་སེང་ཞུས་པ་རེད།
ཚོགས་འདུར་ཞུགས་མཁན་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན། ཧྥ་རན་སེའི་ཙུང་ཐུང་ཨའོ་ལང་ཏེ། འཇར་མན་གྱི་རྒྱལ་སྲུང་པུའུ་ཀྲང་ཕུང་ཏེ་ལའེ་ཨན། ཨ་རིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཅི་སི་ལི་ཡ་ཁེ། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེ་སོགས་ཀྱིས་ཀྱང་ཁག་སོ་སོར་གཟིགས་ཚུལ་གླེང་གནང་བ་རེད།