མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལིའུ་ཡུན་ཧྲན་གྱིས་སི་ཁྲོན་དང་ཡུན་ནན་དུ་བརྟག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་05ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ལིའུ་ཡུན་ཧྲན་གྱིས་སི་ཁྲོན་དང་ཡུན་ནན་དུ་བརྟག་ཞིབ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སི་ཁྲོན་དང་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་དང་རྩ་འཛུགས་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཟླ་3ཚེས་30ཉིན་ནས་ཟླ་4ཚེས་2ཉིན་བར་ལིའུ་ཡུན་ཧྲན་གཡག་རྔ་དང་། ལེའང་ཧྲན། ཧྲའོ་ཐུང་། ལིན་ཚང་བཅས་སུ་སྔ་རྗེས་སུ་ཕེབས་ནས་ཏང་འཛུགས་སྐྱོང་ལས་དོན་དང་རྩ་འཛུགས་ལས་དོན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བར་བརྟག་ཞིབ་གནང་བ་རེད། ལིའུ་ཡུན་ཧྲན་གྱིས་སི་ཁྲོན་དང་ཡུན་ནན་གྱི་ལས་དོན་ལ་ཁས་ལེན་གནང་ནས་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།
         གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་དང་ཧྲའོ་ཐུང་གྲོང་ཁྱེར་ལུའུ་ཏན་རྫོང་དུ་ལིའུ་ཡུན་ཧྲན་གྱིས་གྲོང་གསེབ་དང་། ཁེ་ལས། སྡེ་ཁུལ། སློབ་གྲྭ། འཕྲོད་བསྟེན་ཁང་བཅས་སུ་ཕེབས་ནས་ས་ཡོམ་རྗེས་བསྐྱར་སྐྲུན་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་གཟབ་བཞེས་དང་དམངས་ཕན་གྱི་བྱ་བཟང་ལ་མང་ཚོགས་ཚོས་བསྔགས་བརྗོད་བྱས་པ་མ་ཟད། ཁོང་ཚོས་ང་ཚོ་ཁང་བཟང་ནང་སྡོད་ཐུབ་པ་དང་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པས་གུང་ཁྲན་ཏང་དང་སྤྱི་ཚོགས་རིང་ལུགས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད། ལིའུ་ཡུན་ཧྲན་གྱིས་རང་རེའི་ཏང་གི་ལས་དོན་མཐའ་དག་མི་སེར་ཆེད་དུ་ཡིན་པ་དང་། མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་མང་ཚོགས་ཀྱི་བརྟེན་ས་དེ་བས་བྱེད་དགོས། ཡོམ་རྗེས་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱས་ནས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་འཐབ་ཕྱོགས་མདུན་མར་བསྐྱོད་དེ་སྣེ་ཁྲིད་ཀྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
         ལེའང་ཧྲན་ཀྲོའུ་ཧྲའོ་ཅུའེ་རྫོང་དང་ལིན་ཚང་གྲོང་ཁྱེར་ལིན་ཞང་ཆུས་སུ་ལིའུ་ཡུན་ཧྲན་གྱིས་དབྱིས་རིགས་དང་། ལ་ཧུའུ་རིགས། ཏའེ་རིགས་སོགས་གྲངས་ཉུང་མི་རིགས་གྲོང་ཚོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་མང་ཚོགས་དབུལ་པོར་འཚམས་འདྲི་གནང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་དང་དབུལ་སྐྱོར་ལས་བྱེད་པས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཐད་བཏོན་པའི་གྲོས་འགོ་གསན་པ་རེད། ལིའུ་ཡུན་ཧྲན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེ་ཡིན་ལ་ཏང་གི་ལས་བྱེད་པས་ངེས་པར་སྒྲུབ་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། མང་ཚོགས་ལ་བརྩེ་བ་ཟབ་མོ་འཆང་བཞིན་དབུལ་སྐྱོར་བྱེད་པ་དང་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་དབུལ་སྐྱོར་བྱས་ཏེ་མང་ཚོགས་དབུལ་སྒྲོལ་བྱ་རྒྱུ་དེ་རང་ཁྱིམ་གྱི་ལས་ཀར་བརྩི་བ་དང་དུད་ཚང་དབུལ་པོ་ཁྱིམ་མིར་བརྩིས་ནས་ལས་དོན་ཡག་པོ་བསྒྲུབས་ཐོག་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་གསུངས་པ་རེད། 

༄༅།།ལིའུ་ཡུན་ཧྲན་གྱིས་སི་ཁྲོན་དང་ཡུན་ནན་དུ་བརྟག་ཞིབ་གནང་བ།