མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་
གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་06ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་སྟེ་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          《བསམ་འཆར་》ནང་དེང་སྐབས་རིག་གནས་ཁྲོམ་རར་འཕེལ་རྒྱས་དང་དོ་དམ་ཐད་དུས་བབ་གསར་པའི་བླང་བྱ་གསར་པ་མང་པོ་ཞིག་འཕྲད་ཡོད། རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་བ་དང་། རིག་གནས་སྒོ་དབྱེའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རིག་གནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། རིག་གནས་ལས་སྒོ་གསར་པ་འབོར་ཆེན་ཞིག་ཐོན་ཐུབ་པ་བཅས་བྱེད་པར་རིག་གནས་ཁྲོམ་རའི་དོ་དམ་གྱི་སྒྲིག་གཞི་ལམ་སྲོལ་གསར་གཏོད་བྱེད་གལ་ཆེ་བ་དང་བྱེད་ཐབས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་དང་ཁྲོམ་རའི་ཆོག་འཐུས་ལམ་ལུགས་སོགས་ཐད་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྱུར་བཅོས་དུས་མཉམ་དུ་བྱེད་གལ་ཆེ་བ་དང་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་དགོས། རིག་གནས་ཁྲོམ་རར་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་གནས་ཡོད་པ་དཔེར་ན། རིག་གནས་ཐོན་རྫས་དང་ཞབས་ཞུ་མི་ལེགས་པ་གང་སར་མཆེད་པ་དང་། གནོད་ཡོད་རིག་གནས་ཆ་འཕྲིན་ཟམ་མི་ཆད་པར་ཐོན་པ། ན་སོ་དར་ལ་མ་བབས་པའི་མིའི་རིག་གནས་ཁེ་དབང་ལ་གནོད་འཚེ་བཟོ་བ་དང་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བ་སོགས་ཀྱི་བྱེད་སྤྱོད་ཡང་སེ་ཐོན་པར་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་བསམ་འཆར་མང་པོ་འདོན་གྱི་ཡོད་པས་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་ནུས་པ་ཆེ་རུ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་གལ་ཆེན་པོ་ཡོད། རིག་གནས་ཐོན་རྫས་ལ་གཅིག་ནས་དཔལ་འབྱོར་གྱི་ཁྱད་ཆོས་ལྡན་ལ་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་ཆོས་ཀྱང་ལྡན་སྟབས་ངེས་པར་དུ་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་དགོས་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་དགོས། རིག་གནས་ཁྲོམ་རའི་དོ་དམ་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དེང་རབས་རིག་གནས་ཁྲོམ་རའི་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་དང་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྔར་བས་སྲུང་སྐྱོང་ཡག་པོ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་སྔར་བས་གོང་འཕེལ་ཡག་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
         《བསམ་འཆར་》ནང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འདེགས་སྐྱོར་མ་ལག་སྐྲུན་པ་དང་། དབང་འགན་གསལ་བཟོ་དང་། ལྟ་སྐུལ་ནུས་ལྡན། འགན་ལེན་ནུས་ལྡན་བཅས་ཀྱི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་དོ་དམ་སྒྲིག་གཞི་ཆགས་པ་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། བྱ་སྤྱོད་ཚད་དང་ལྡན་པ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་པ། རིག་གནས་ཁྲོམ་རའི་ཁྲིམས་འཛིན་དབང་ཆ་སྔར་བས་བསྡུ་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས་སྡེ་ཚན་དང་ལས་རིགས་ལས་བརྒལ་བའི་ཕྱོགས་བསྡུས་ཁྲིམས་འཛིན་གང་མགྱོགས་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།