མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་
དེབ་(2016ལོའི་པར་གཞི)》སློབ་སྦྱོང་སྒྲིག་འཛུགས་ནན་ཏན་
བྱེད་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུས་མཉམ་འབྲེལ་ཐོག་《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ་(2016ལོའི་པར་གཞི)》སློབ་སྦྱོང་སྒྲིག་འཛུགས་ནན་ཏན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ་རེད། བརྡ་ཐོའི་ནང་དོན་ཆ་ཚང་གཤམ་གསལ་ཏེ།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཞི་ཞིས་ཅིན་ཕིང་གིས་རྨད་དུ་བྱུང་བའི་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་དང་། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས། གཞོམ་ཞིག་མེད་པའི་ལོ་རྒྱུས་ཀྱི་འགན་འཁུར་སྙིང་སྟོབས་བཅས་ཀྱི་ཐོག་ནས་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་ཐུབ་པ་དང་། ལག་ལེན་གྱི་བླང་བྱ་གསར་པར་ལན་འདེབས་པ། མི་དམངས་ཀྱི་རེ་སྒུག་གསར་པ་དང་འཚམ་པ་བཅས་གནང་སྟེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་གསར་པར་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། དུས་བབ་གསར་པའི་འོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་དོན་དངོས་གལ་ཆེན་གྱི་གནད་དོན་རབ་དང་རིམ་པར་ལན་བསྐྱོན་པ། གསར་གཏོད་རང་བཞིན་ལྡན་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་བཅས་ཀྱིས་ཏང་གི་ཚན་རིག་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་གནང་ཡོད། གསུང་བཤད་དེ་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པ་དང་། དེའི་ནང་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་བཅས་ཁྱབ་ཁོངས་ཁག་ཚུད་ཡོད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་འབྲས་གསར་ཤོས་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་ལ་མཛུབ་ཁྲིད་བྱེད་པའི་མར་ཁེ་སི་རིང་ལུགས་གསོན་ཉམས་དོད་པོ་ཞིག་བཅས་ཡིན་པས་ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་གཞི་རྩའི་བརྩི་སྲུང་ཞུ་ཡུལ་དངསྟོབས་ཆེའི་བསམ་བློའི་མཚོན་ཆ་མཁོ་འདོན་བྱས་ཡོད།
         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི། ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་ཏེ། གསུང་བཤད་ཀྱི་དགོངས་དོན་ལ་བརྟེན་ནས། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་སྤེལ་བ་བཅས་བྱེད་དགོས། ཀྲུང་དབྱང་དྲིལ་བསྒྲགས་པུས་2014ལོའི་ཟླ་6པར་དཔེ་སྐྲུན་བྱས་པའི་《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་ཀློག་དེབ་》ཀྱི་རྨང་གཞིའི་ཐོག སྔར་བས་ཁ་གསབ་དང་ཕུན་སུམ་ཚོགས་སུ་བཏང་བ་དང་། 《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱི་ཀློག་དེབ་》(2016ལོའི་པར་གཞི)རྩོམ་འབྲི་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད། (གཤམ་དུ་བསྡུས་མིང་ལ་《ཀློག་དེབ་》ཞེས་བརྗོད་རྒྱུ)《ཀློག་དེབ་》དེ་རབ་བྱེད་ཁག་16ལ་ཕྱེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་གི་ནང་དོན། གཞི་རྩའི་ལྟ་བ། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་གནད་ལ་འཕིགས་པའི་ངང་རྒྱས་བཤད་དང་། ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་ཀྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རྒྱས་བཤད་བྱས་ཡོད་པས། དེ་ནི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་རམ་འདེགས་རྒྱུ་ཆ་གལ་ཆེན་ཞིག་རེད།
         རིམ་ཁག་ཏང་རྩ་འཛུགས་ཀྱིས། ཏང་ཡོན་ཡོངས་རྫོགས་སྒྲིག་འཛུགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་མ་ཡིག་དང་མ་རྩོམ་སློབ་སྦྱོང་ནན་ཏན་བྱེད་པ་དང་དུས་མཚུངས་《ཀློག་དེབ་》སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་ཡག་པོ་བྱེད་དགོས། གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གསུང་བཤད་ཀྱི་དགོངས་དོན་ཤེས་རྟོགས་ཐུབ་པ་དང་གོ་བ་ལེན་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དེ་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཀྱི་ནང་གནས་འབྲེལ་བ་ཡིན་པས་གནད་ལ་འཁེལ་བའི་ངང་སྟངས་འཛིན་ཐུབ་པ་བྱེད་དགོས། བསམ་བློ་དང་བྱ་སྤྱོད་དེ་སྔར་བས་ལེགས་པའི་ངང་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། རིམ་ཁག་ཏང་ཨུད་(ཏང་ཙུའུ)ཀྱི་ལྟེ་བའི་ཚོགས་ཆུང་གིས། 《ཀློག་དེབ་》དེ་བས་སློབ་སྦྱོང་ཡག་པོ་བྱས་ནས་བརྒྱུད་རིམ་ལྡན་ལ་གཏིང་ཟབ་པའི་ངང་མ་རྩོམ་ཀློག་པ་དང་། མ་ཡིག་སློབ་སྦྱོང་། རྩ་བའི་རིག་པར་གོ་བ་ལེན་པ་བཅས་ཐུབ་རྒྱུར་ཕན་པ་ཐོབ་པ་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭ་དང་། སྲིད་འཛིན་སློབ་གླིང་། ལས་བྱེད་པའི་སློབ་གླིང་བཅས་ཀྱིས་《ཀློག་དེབ་》དེ་གསོ་སྦྱོང་གི་ནང་དོན་དུ་འཇོག་དགོས་པ་དང་། མཐོ་རིམ་སློབ་གྲྭ་ཁག་གིས་《ཀློག་དེབ》དེ་དགེ་སློབ་ཚོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་སློབ་གསོའི་དཔྱད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས་པ། རིམ་ཁག་ཏང་ཨུད་ཀྱི་འཆད་ཁྲིད་དགེ་རྒན་ཚོགས་པས་《ཀློག་དེབ་》ཀྱི་ནང་དོན་ལ་དམིགས་ནས་གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱེད་དགོས།