མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།མི་རབས་སྔོན་མས་ལྗོན་ཤིང་བཏབ་མི་རབས་རྗེས་མས་བསིལ་གྲིབ་མྱོང་བའི་སྙིང་སྟོབས་དར་
སྤེལ་བཏང་སྟེ་ལྗོན་ཤིང་མང་ཙམ་འཛུགས་པ་དང་། ལྗོན་ཤིང་ཡག་པོ་འཛུགས་པ། ལྗོན་
ཤིང་ལ་གཡོག་བྱེད་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་07ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།མི་རབས་སྔོན་མས་ལྗོན་ཤིང་བཏབ་མི་རབས་རྗེས་མས་བསིལ་གྲིབ་མྱོང་བའི་སྙིང་སྟོབས་དར་
སྤེལ་བཏང་སྟེ་ལྗོན་ཤིང་མང་ཙམ་འཛུགས་པ་དང་། ལྗོན་ཤིང་ཡག་པོ་འཛུགས་པ། ལྗོན་
ཤིང་ལ་གཡོག་བྱེད་ཡག་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་5ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་དགོས་ན་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་རེད་ལ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད། ནགས་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་བྱ་སྤྱོད་གལ་ཆེན་ཞིག་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་དང་། སྤྱི་ཚོགས་ཡོངས་སུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དྲིལ་བསྒྲགས་བྱེད་པའི་ནང་དངོས་སུ་ཞུགས་པ། མི་རབས་སྔོན་མས་ལྗོན་ཤིང་བཏབ་པ་དང་མི་རབས་རྗེས་མས་བསིལ་གྲིབ་མྱོང་བའི་སྙིང་སྟོབས་དར་སྤེལ་གཏོང་བ། དེ་བཞིན་ལྗོན་ཤིང་མང་ཙམ་འཛུགས་པ་དང་། ལྗོན་ཤིང་ཡག་པོ་འཛུགས་པ། ལྗོན་ཤིང་ལ་གཡོག་བྱེད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་རི་ཀླུང་ཚང་མ་སྔོ་ལྗང་ཅན་དུ་འགྱུར་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྔར་བས་མཛེས་སུ་འགྲོ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ཡོལ་ཙམ་ལ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ལྷན་དུ་རླངས་འཁོར་ལ་བཞུགས་ནས་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་ཤིས་ཧུང་མེན་གྲོང་རྡལ་གྱི་ཤིང་འཛུགས་ཡུལ་དུ་ཕེབས་པ་རེད།
          ས་རྒྱ་མུའུ་250ཙམ་ཡོད་པའི་ཐང་སྡེར་དེར་སྔོན་མ་ཟོག་འགྲེམས་སྒོ་ར་དང་སྲུབ་དཀྲོག་ས་ཚིགས་སོགས་རིམ་དམའི་ཐོན་ལས་འགའ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་རོགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་བཏོན་པ་དང་སྦྲགས་པེ་ཅིང་གི་རྒྱལ་སའི་ནུས་པ་མིན་པ་གོ་རིམ་ལྡན་པའི་ཕྱིར་འཐེན་བྱས་ནས་དཔལ་འབྱོར་གྲུབ་ཆ་དང་བར་མཐོངས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། པེ་ཅིང་གྲོང་ཁྱེར་གྱིས་བླང་བྱ་དེ་གཞིར་བཟུང་ས་ཆ་དེའི་རིམ་དམའི་ཐོན་ལས་ཕྱིར་འཐེན་བྱས་ཏེ་སྒོ་དབྱེ་རྣམ་པའི་ནར་དབྱིབས་སྤྱི་གླིང་དུ་འཆར་འགོད་སྒྱུར་བཀོད་བྱས་པ་དང་པེ་ཅིང་གི་སྔོ་འགྱུར་ཟུར་འཇོག་ཁུལ་གཉིས་པའི་ནང་བཅུག་ཡོད་པ་རེད།
          རླངས་འཁོར་ནས་བབས་མ་ཐག་ཞིས་ཅིན་ཕིང་གིས་ལྕགས་ཁྱེམ་བསྣམས་ཏེ་ལྗོན་ཤིང་འཛུགས་ཡུལ་དུ་ཕེབས་ཤིང་། ལྗོན་ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་གོ་ཐོས་བྱུང་སྐབས་ཁོང་ཚོས་འཕྲལ་མར་ལས་མཚམས་བཞག་སྟེ་སྤྲོ་བ་ཆེན་པོས་ཐལ་མོ་བརྡབས་ནས་དགའ་བསུ་ཞུས་པ་རེད། ཞིས་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་སྟེ་འཚམས་འདྲི་གནང་རྗེས་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་ཅུས་ཀྱི་འགན་འཁུར་བློ་མཐུན་དང་། རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། དང་བླངས་པ། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་ལྗོན་ཤིང་འཛུགས་འགོ་བཙུགས་པ་རེད།
          ཞིས་ཅིན་ཕིང་གིས་སོམ་དཀར་དང་། སྒྲོན་ཤིང་། ཁམ་བུ་དཀར་པོ་སོགས་ཁྱོན་སྡོང་ཕྲུག་6བཙུགས་ཤིང་། ཁོང་གིས་ངལ་རྩོལ་གནང་གིན་འགྲམ་དུ་ཡོད་པའི་ལོ་ཆུང་གདོང་ལེན་རུ་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་ཁོང་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོང་ཚོར་སློབ་སྦྱོང་ལ་འབད་བརྩོན་དང་། ངལ་རྩོལ་ལ་དགའ་ཞེན། ལུས་སྦྱོང་ཧུར་ཐག་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ། ད་དུང་ཁོང་ཚོར་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་བརྒྱུད་ཆུང་བྱིས་པའི་དུས་ནས་ཁོར་ཡུག་ལ་གཅེས་སྐྱོང་དང་རང་བྱུང་ལ་གཅེས་འཛིན་བྱེད་པའི་འདུ་ཤེས་ཤིག་འཇགས་པ་བྱ་རྒྱུའི་རེ་བ་ཡང་བཏོན་གནང་བ་རེད། ཤིང་ལོན་པར་ལོ་བཅུ་དང་མི་སྐྱོང་བར་ལོ་བརྒྱ་དགོས་ཤིང་། ཞིས་ཅིན་ཕིང་གིས་ལོ་བཅུའི་རྗེས་དང་ལོ་ཉི་ཤུའི་རྗེས་ཁྱེད་ཚོས་ས་ཆ་འདིར་་ཁྱེད་ཚོས་བཏབ་པའི་སྡོང་ཕྲུག་སྐྱེ་འཚར་ཡག་ཉེས་ལ་བལྟ་བར་ཡོང་ན་འགྲིག དེ་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད་ཅེས་གསུངས་པ་རེད།
         ལྗོན་ཤིང་འཛུགས་རིང་ཞིས་ཅིན་ཕིང་གིས་ཤིང་འཛུགས་ནང་ཞུགས་མཁན་ལས་བྱེད་མང་ཚོགས་དང་ནགས་བཟོ་སྔོ་འགྱུར་ལས་དོན་གྱི་སྐོར་གླེང་གནང་ཞིང་། ཁོང་གིས་ལོ་60ཡི་གོང་བློ་མཐུན་མའོ་ཙེ་ཏུང་གིས“མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་དགོས”ཞེས་པའི་རླབས་ཆེན་འབོད་སྐུལ་གནང་ཡོད། ལོ་35ཡི་གོང་བློ་མཐུན་ཏེང་ཞའོ་ཕིང་གིས་གྲོས་འགོ་བཏོན་གནང་བ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་《དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་འགུལ་སྤེལ་རྒྱུའི་སྐོར་གྱི་གྲོས་ཆོད་》བཏོན་གནང་བ་རེད། དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱ་ཁྱབ་ངང་ཞུགས་པ་དང་བྱ་སྤྱོད་ཧུར་ཐག་སྤེལ་བ་བརྒྱུད་རང་རྒྱལ་གྱི་ནགས་ཚལ་ཐོན་ཁུངས་མུ་མཐུད་མང་དུ་ཕྱིན་ནས་དུས་རབས་གསར་པ་ཚུན་འཛམ་གླིང་ནས་ནགས་ཚལ་ཐོན་ཁུངས་མང་དུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བར་དང་འདི་ལོར་གྲོས་འཆམ་བྱུང་བའི“ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་རྩ་གནད་ཚུད་པ་ཚང་མའི་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་ལ་ནན་བཤད་བྱས་ཡོད། ད་ཆ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་དེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད། འོས་འགན་ཤིང་འཛུགས་ནི་དམངས་ཡོངས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་པའི་བྱེད་སྒོ་གལ་ཆེན་ཞིག་རེད། དེས་ན་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་ཚང་མར་དམ་འཛིན་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་སྤྱི་ཚོགས་ཡོངས་དེའི་ནང་ཞུགས་རྒྱུའི་སྐུལ་སློང་ཡང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་ལྗང་མདོག་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཞིག་རེད། ང་ཚོས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ལ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་སོགས་ཕྱོགས་མང་མཉམ་ལས་ལམ་སྲོལ་བརྒྱུད་རོགས་རེས་མཉམ་ལས་ཀྱིས་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་སྤེལ་བ་དང་། ཁོར་ཡུག་ཐུན་མོང་ཐོག་ལེགས་སུ་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་སྣོད་བཅུད་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ་འཛམ་གླིང་གི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་བྱ་ཕྱིར་འབུལ་འོས་པའི་ལེགས་སྐྱེས་ཀྱང་འབུལ་དགོས་ཞེས་གསུངས་པ་རེད།