མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཅང་སུའུ་ཡིས"ལོ་ལྔ་ཚན་བཅུ་གསུམ་པའི"རིང་ཞིང་པ་ལས་མི་མི་རབས་གསར་པ་
ཁྲི་50གསོ་སྦྱོང་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 09:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཅང་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། ཞིང་པ་ལས་མི་མི་རབས་གསར་པ་དག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་གྱི་དགོས་མཁོ་དང་མཐུན་པའི་བྱང་ཚད་མཐོ་ལ་རྩལ་ནུས་ཆེ་བའི་ངལ་རྩོལ་མི་སྣར་མགྱོགས་མྱུར་འགྱུར་ཐུབ་པ་བྱས་ཏེ་མི་ཤུགས་ཐོན་ཁུངས་མཁོ་འདོན་གྲུབ་ཆ་ལེགས་སུ་ཤུགས་ཆེན་བཏང་ནས་རྩལ་ནུས་འཇོན་ཐང་ཅན་མི་འདང་བའི་ལས་ཞུགས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཞི་ལྷོད་དུ་ནུས་ལྡན་གཏོང་ཆེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཅང་སུའུ་ཡིས་ཞིང་པ་ལས་མི་མི་རབས་གསར་པ་ཁྲི་50ལ་ཁ་གསབ་རོགས་དངུལ་རིགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་ཡིན་ཞིང་། 2020ལོར་སླེབས་སྐབས་མི་ཤུགས་ཐོན་ཁུངས་ཁྲོམ་རར་གསར་དུ་ཞུགས་པའི་ཞིང་པ་ལས་མི་མི་རབས་གསར་པ་ཚང་མར་ལས་ཞུགས་རྩལ་ནུས་གསོ་སྦྱོང་ངམ་ཡང་ན་ལས་ཞུགས་གོང་གི་གསོ་སྦྱོང་ཐེངས་གཅིག་གི་གོ་སྐབས་བརྩོན་ལེན་བྱ་རྒྱུ་དང་། ཁེ་ལས་ཀྱི་རྩལ་ནུས་ལས་གནས་སུ་ལས་ཞུགས་ཐུབ་པའི་ཞིང་པ་ལས་མི་མི་རབས་གསར་པ་ཚང་མར་ལས་གནས་རྩལ་ནུས་མཐོ་རུ་གཏོང་བའི་གསོ་སྦྱོང་ངམ་ཡང་ན་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྦྱོང་ཐེངས་གཅིག་གི་གོ་སྐབས་བརྩོན་ལེན་བྱ་རྒྱུ། ལས་གཏོད་བསམ་པ་ཡོད་པའི་ཞིང་པ་ལས་མི་མི་རབས་གསར་པ་ཚང་མར་ལས་གཏོད་གསོ་སྦྱོང་ཐེངས་གཅིག་གི་་གོ་སྐབས་བརྩོན་ལེན་བྱ་རྒྱུ་བཅས་རེད།
         གསོ་སྦྱོང་དགོས་མཁོ་ཁྱོན་ཡོངས་ནས་ཁོང་དུ་ཆུད་ཐུབ་པ་བྱ་ཆེད། ཅང་སུའུ་ཡིས་ཐོན་ཁུངས་ཆ་འཕྲིན་ཞིབ་བཤེར་དང་ལས་རིགས་རྩལ་ནུས་གསོ་སྦྱོང་འབྲེལ་མཐུད་ལས་ཀའི་ལམ་སྲོལ་འཛུགས་པ་དང་ལས་ཞུགས་ལས་གནས་དང་ལས་རིགས་རྩལ་ནུས་གསོ་སྦྱོང་འབྲེལ་མཐུད་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། ཕྱོགས་གཅིག་ནས་ཞིང་པ་ལས་མི་མི་རབས་གསར་པའི་གཞི་རྩའི་ཆ་འཕྲིན་དང་། ལས་ཞུགས་བྱས་ཚུལ། རྩལ་ནུས་ཆུ་ཚད་སོགས་ཆེད་དོན་ཞིབ་བཤེར་བསྡོམས་རྩིས་ལམ་ལུགས་བཙུགས་ཏེ་ཞིང་པ་ལས་མི་མི་རབས་གསར་པའི་ཐོན་ཁུངས་བསྡོམས་འབོར་གྱི་ཆ་འཕྲིན་གྲངས་གཞི་རྒྱ་ཁྱབ་ངང་འཚོལ་བསྡུ་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་འཕེལ་རིམ་ཁྲོད་རྩལ་ནུས་འཇོན་ཐང་ཅན་ཐད་ཀྱི་ཁེ་ལས་ཀྱི་དགོས་མཁོ་ཁྱོན་ཡོངས་ནས་ཤེས་རྟོགས་དང་། གཙོ་གནད་ལས་རིགས་ཁེ་ལས་ཀྱི་མི་ཤུགས་ཐོན་ཁུངས་མཁོ་འདོན་སྟོང་ཆ་ཤེས་རྟོགས། ཞིང་པ་ལས་མི་མི་རབས་གསར་པ་ལས་ཞུགས་དང་ཁེ་ལས་ཀྱི་མི་སྤྱོད་ལས་གནས་མཁོ་འདོན་འབྲེལ་མཐུད་སྟེགས་བུ་སྐྲུན་པ། ཁེ་ལས་ཀྱིས་ལས་མི་གསོ་སྦྱོང་བྱེད་པའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས། ཞིང་པ་ལས་མི་མི་རབས་གསར་པའི་ལས་གནས་རྩལ་ནུས་མཐོར་གཏོང་གསོ་སྦྱོང་བྱ་རྒྱུར་གཞོགས་འདེགས་དང་མཛུབ་ཁྲིད་བཅས་བྱས་ནས་མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་དེ་ལས་གནས་དགོས་མཁོ་དང་མཐུན་ཐུབ་པ་བྱས་པ་རེད།