མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་
སྤེལ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་08ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཀྲི་པུའུ་ཚང་མར་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ།
         “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ལིའུ་ཡུན་ཧྲན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཏང་ཡོངས་སུ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་གསོ་ནི་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་ལྷག་དོན་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་ཁྱབ་པ་བྱེད་པའི་དམ་འཛིན་བྱེད་གཞི་ནུས་ལྡན་ཞིག་ཡིན་ཞིང་། རྨང་གཞི་སློབ་སྦྱོང་བྱ་རྒྱུ་དེ་ཡིན་པ་དང་འགག་རྩ་ཚད་ལོན་ཡོང་རྒྱུར་ཐུག་ཡོད། དེར་བརྟེན་རིམ་ཁག་ཏང་རྩ་འཛུགས་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་འགན་འཁྲི་གཙོ་བོ་བསྒྲུབ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་རིམ་པ་དབྱེ་རྒྱུ་མཐའ་འཁྱོངས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་བྱས་ཏེ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་ཨང་དང་པོ་ནི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་དང་འགག་རྩ་ནི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་དོ་དམ་ཡག་པོ་བྱེད་རྒྱུར་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གིས་སྔ་རྗེས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་བ་དེས་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཚོའི་ཁྲོད་གནས་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་སྡེབ་གཅིག་ལ་ཡོངས་སུ་འགྲུབ་ཐུབ་པ་ཞིག་མ་རེད། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་ཏང་ནང་ཁུལ་གྱི་སློབ་གསོ་དེ“འགག་རྩའི་ཉུང་ཤས”ནས་རྒྱ་ཆེའི་ཏང་ཡོན་ཚོའི་བར་རྒྱ་ཆེར་གཏོང་བ་དང་གཅིག་སྡུད་རང་བཞིན་གྱི་སློབ་གསོ་ནས་རྒྱུན་གཏན་རང་བཞིན་གྱི་སློབ་གསོའི་བར་རྒྱ་ཆེར་བཏང་ནས་རྒྱ་ཆེའི་ཏང་ཡོན་ཚོའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་བརྟན་དུ་བཏང་སྟེ་ཏང་ཡོངས་ཀྱིས་སྔ་བར་ཕྱི་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱས་ཐོག་རང་རེའི་ཏང་འདི་ཉིད་ཕུགས་བསམ་དང་དད་སེམས་ལྡན་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་འགྱུར་བ་བྱེད་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། གཞི་རིམ་ནི་ཏང་གི་སྲིད་འཛིན་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་རེད། གཞི་རིམ་ཏང་རྩ་འཛུགས་ཞུམ་མེད་སྟོབས་ལྡན་ཡོད་པ་དང་ཏང་ཡོན་ཚོས་འདོན་འོས་པའི་ནུས་པ་འདོན་སྤེལ་བྱས་ཚེ་ཏང་གི་རྨང་གཞི་གཞི་ནས་བརྟན་དུ་འགྲོ་བ་དང་ཏང་ལ་གཞི་ནས་དམག་འཐབ་ནུས་པ་ལྡན་ཐུབ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ཀྲི་པུའུ་དང་ཏང་ཡོན་ཚང་མར་དོན་འཁྱོལ་ཐུབ་པ་བྱེད་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བར་རྨང་གཞི་སློབ་སྦྱོང་བྱ་རྒྱུ་དེ་ཡིན་པ་དང་འགག་རྩ་ཚད་ལོན་ཡོང་རྒྱུར་ཐུག་ཡོད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་བྱས་ནས་གནད་དོན་བསམ་བཞིན་སློབ་སྦྱོང་བྱེད་པ་དང་གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཏེ་ཚད་ལོན་གྱི་ཚད་གཞི་གཏན་འཁེལ་བྱེད་པ་དང་། མི་ཚད་ལྡན་ཞིག་བྱེད་པ་དང་བྱ་བ་སྒྲུབ་པའི་མཐའ་ཚད་གསལ་པོ་འབྱེད་པ། ཏང་ཡོན་གྱི་གདོང་ལེན་གཟུགས་བརྙན་གཏོད་པ་བཅས་ཀྱི་ཐོག་ནས་བྱ་སྤྱོད་ལ་བརྟེན་ནས་དད་མོས་དང་དད་སེམས་ཀྱི་སྟོབས་ཤུགས་མངོན་པར་བྱེད་དགོས། ཚད་མི་ལོན་པའི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་བྱས་ནས་སྤྱོད་གོ་ཆོད་པའི་ལམ་ལུགས་མཐའ་འཁྱོངས་དང་དོན་འཁྱོལ་བྱེད་དགོས། གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་སྟེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལམ་ལུགས་ཀྱི་ཞན་ཆ་གསབ་ཐོག་ཏང་གི་རྩ་འཛུགས་འཚོ་བ་དང་ཏང་ཡོན་ལ་སློབ་གསོ་དོ་དམ་བྱ་རྒྱུ་ནན་དུ་གཏོང་བ་དང་ཏན་ཏིག་ཐུབ་པ་བྱེད་དགོས།
         ཞིས་ཅིན་ཕིང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུ་ནི་རིམ་ཁག་ཏང་རྩ་འཛུགས་དང་དེའི་འགན་འཁུར་མི་སྣའི་འགན་འཁྲི་གཙོ་བོ་ཡིན་པས་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ལས་བྱེད་པར་དོ་དམ་ཡག་པོ་དང་ཚན་ཁག་གི་སྣེ་ཡག་པོ་ཁྲིད་དགོས་ལ་ཏང་ཡོན་ལ་དོ་དམ་ཡག་པོ་དང་དཔུང་ཁག་གི་སྣེ་ཡག་པོ་ཁྲིད་ནས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་བྱ་ཐབས་དང་བླང་བྱ་ཁོང་དུ་ཆུད་པ་བྱེད་དགོས། རིམ་པ་དབྱེ་རྒྱུ་དང་དུས་ཐོག་ཏུ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྡེ་མིག་རེས་སྒོ་ལྕགས་རེ་འབྱེད་པ་ལྟ་བུ་ཡོང་བ་བྱས་ཏེ་རྣམ་པ་ཙམ་དང་ཕྱི་ཚུལ་རིང་ལུགས་ཀྱི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་སློབ་སྦྱོང་སློབ་གསོའི་ལས་དོན་ནང་མིག་དཔེ་བསྟན་ནས་འགོ་ཁྲིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་སློབ་སྦྱོང་དེ་བས་མང་ཙམ་དང་དེ་བས་གཏིང་ཟབ་བྱེད་པ་དང་རེ་བ་དེ་བས་ནན་པ་དང་དེ་བས་མཐོ་བ་བཏོན་ཐོག་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཚེས་6ཉིན་གྱི་སྔ་དྲོ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་དང་། གཞི་རྩའི་བླང་བྱ། ལས་འགན་གཙོ་བོ་བཅས་རྒྱས་བཤད་གཏིང་ཟབ་གནང་བ་དེས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད་སྟབས། སློབ་སྦྱོང་ནན་ཏན་དང་ལག་བསྟར་ཡག་པོ་བྱེད་དགོས། སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བར་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་དང་གཅིག་གྱུར་ཡོང་བ་བྱས་ནས་གོ་བ་ལེན་པ་དང་། རིམ་པ་དབྱེ་བ་དང་ཁ་གཏད་དབྱེ་རྒྱུར་སྣང་ཆེན་བྱས་ཏེ་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་སློབ་སྦྱོང་དེ་བས་མང་བ་དང་དེ་བས་གཏིང་ཟབ་པ་བྱས་ཏེ་གསུང་བཤད་རབ་དང་རིམ་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་སྲོག་ཤིང་གི་དོན་གནད་ལ་གོ་ལ་གཏིང་ཟབ་ལེན་པ་དང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། སློབ་སྦྱོང་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་པོ་བཅོལ་ནས་ཚད་ལོན་གྱི་གུང་ཁྲན་ཏང་ཡོན་ཞིག་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞིབ་ཕྲའི་གནད་དོན་བསམ་བཞིན་སློབ་སྦྱོང་བྱེད་པ་དང་ཞིབ་ཕྲའི་གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཏེ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།