མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡིད་ཆེས་བརྟན་གཏོང་གིས་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་གོང་འོག་སྟོབས་ཤུགས་གཅིག་
སྒྲིལ་གྱིས་འཕེལ་རྒྱས་དམ་འཛིན་བྱས་ཏེ་དཔལ་འབྱོར་རྒྱུན་སྲིང་བརྟན་ཐོག་ཡར་འཕེལ་
ཡོང་བར་ནུས་གསོག་ཤུགས་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་13ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡིད་ཆེས་བརྟན་གཏོང་གིས་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་གོང་འོག་སྟོབས་ཤུགས་གཅིག་
སྒྲིལ་གྱིས་འཕེལ་རྒྱས་དམ་འཛིན་བྱས་ཏེ་དཔལ་འབྱོར་རྒྱུན་སྲིང་བརྟན་ཐོག་ཡར་འཕེལ་
ཡོང་བར་ནུས་གསོག་ཤུགས་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཞིང་ཆེན་(གྲོང་ཁྱེར)སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་ཁག་གཅིག་གི་དཔལ་འབྱོར་དུས་བབ་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་དབྱེ་ཞིབ་ཞིབ་འཇུག་དང་འབྲེལ་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཕེབས་ཡོད་པ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་ཧོ་པེ་ཞིང་ཆེན་གྱི་ཧྲེང་ཀྲང་ཀྲང་ཆིང་ཝུའེ་དང་། ལེའོ་ཉིང་ཞིང་ཆེན་གྱི་ཧྲེང་ཀྲང་ཁྲེན་ཆིའུ་ཧྥ། ཅང་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་ཧྲི་ཐའེ་ཕུང་། ཧྲན་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་ཀུའོ་ཧྲུའུ་ཆིང་། ཧུའུ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་ཏུའུ་ཅ་ཧའོ། ཀོང་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་ཀྲུའུ་ཞའོ་ཏན། ཁྲུང་ཆིང་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོང་ཆི་ཧྥན། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ཧའོ་ཕུང་བཅས་ཀྱིས་རང་ས་གནས་ཀྱི་དཔལ་འབྱོར་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་ཡོད་གྲོས་འགོ་ཡང་བཏོན་པ་རེད། ཚང་མས་འདི་ལོ་ཤར་ཚུན་ས་གནས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དཔལ་འབྱོར་ལས་ཀ་སྒྲུབ་འགོ་རྩོམ་ཚུལ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་གཉེར་སྐྱོང་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་སྟེ་མ་འཇོག་དང་། འཛད་སྤྱོད། ཁེ་ལས་ཀྱི་ཕན་འབྲས་སོགས་དཔལ་འབྱོར་དམིགས་ཚད་གལ་ཆེན་དང་སྔོན་དུ་ལག་ལེན་བསྟར་བའི་དམིགས་ཚད་ཁག་གཅིག་ལ་དགེ་མཚན་ལྡན་ཞིང་ལེགས་པའི་ཕྱོགས་སུ་འགྱུར་ལྡོག་བྱུང་ནས་སྔོན་དཔག་ལས་བརྒལ་བ་དང་། ཁྲོམ་རའི་ཡིད་ཆེས་ཆེ་རུ་སོང་བ། ལྷག་པར་དུ་སྒུལ་ནུས་གསར་པ་འཕེལ་བ་དེས་སྲོལ་རྒྱུན་གྱི་སྒུལ་ནུས་ཉམས་དམས་སུ་འགྲོ་བ་སེལ་ཐུབ་པ་དང་ལས་ཞུགས་བརྟན་པོ་རྒྱུན་འཁྱོངས་ཐུབ་རྒྱུར་ནུས་པ་གལ་ཆེན་ཐོན་པ་དང་དུས་སྐབས་གོང་མར་སྤྱད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པར་ཕན་འབྲས་ཟམ་མི་ཆད་པར་ཐོན་པ་དང་དུས་མཚུངས་འཕར་རྒྱུ་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག་བཅས་ཐད་ད་དུང་ཤུགས་སྣོན་རྒྱག་དགོས་པའི་ངོས་འཛིན་བྱས་པ་རེད། ལི་ཁེ་ཆང་གིས་མིག་སྔར་དཔལ་འབྱོར་གཉེར་སྐྱོང་བརྟན་ཐོག་ཡར་འཕེལ་གྱི་རྒྱུ་རྐྱེན་མང་པོ་ཡོད་ཀྱང་མར་ཆག་པའི་གནོན་ཤུགས་སྔར་བཞིན་ཆེན་པོ་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཀྱི་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་གསར་པ་མང་དུ་འགྲོ་བའི་ཁར་རྒྱལ་ནང་གི་དངོས་ཚན་དཔལ་འབྱོར་གོང་འཕེལ་ལ་དཀའ་ངལ་མང་པོ་འཕྲད་དེ་ཁྱབ་ཁོངས་ཁག་གཅིག་གི་ཉེན་ཁར་སྣང་ཆུང་བྱེད་མི་རུང་བས་ངེས་པར་དུ་ཐད་ཀར་འགྲན་སློང་དང་། གནོན་ཤུགས་ཐེག་པ། རྨང་གཞི་བརྟན་གཏོང་བཅས་ཀྱི་ཐོག་ནས་ཀྲུང་དབྱང་དང་ས་གནས་གཉིས་ཀྱི་དགེ་མཚན་འདོན་སྤེལ་ཡག་པོ་བྱས་ཏེ་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་སྲ་བརྟན་གཏོང་བའི་ནུས་གསོག་ཤུགས་སྤེལ་ཟམ་མི་ཆད་པར་བྱེད་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་མཐུན་རྐྱེན་ལེགས་སུ་གཏོང་བ་དང་དཔལ་འབྱོར་གཉེར་སྐྱོང་བྱ་རྒྱུ་དེ་ལུགས་མཐུན་བར་མཚམས་སུ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ལྷག་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་མུ་མཐུད་སྐུལ་མ་གཏོང་དགོས། མུ་མཐུད་ལས་ཁུངས་ཁུ་བསྡུ་བྱེད་དགོས་པ་དང་ད་ཆ་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་བར་མཐོངས་སྔར་བཞིན་ཆེན་པོ་ཡོད་པས་འདི་ལོ་གཏན་འཁེལ་བྱས་པའི་དབང་ཆ་གཤམ་སྤྲོད་ཀྱི་ཞིབ་མཆན་དོན་གནད་ཉུང་འཕྲི་བྱ་རྒྱུ་གང་མགྱོགས་དམིགས་སར་དོན་འཁྱོལ་ཐུབ་པ་བྱེད་དགོས་ལ་ཁེ་ལས་དང་མང་ཚོགས་ཀྱི་རེ་སྒུག་ལ་དམིགས་ནས་རང་ངོས་ལ་གནོན་ཤུགས་ཆེན་པོ་སྤྲད་དེ་ལས་སྒྲུབ་ལས་གཏོད་ལ་འགོག་རྐྱེན་བཟོ་བའི་འཆིང་ཐག་དེ་དག་གང་མྱུར་སེལ་དགོས། དཔྱ་ཁྲལ་ཆག་ཡང་གཏོང་རྒྱུར་སྐུལ་སྤེལ་བཏང་སྟེ་ཕྱོགས་ཡོངས་ནས་ལས་གཉེར་དཔྱ་ཁྲལ་དེ་གནས་ཐང་འཕར་ཁྲལ་དུ་བསྒྱུར་རྒྱུའི་ཚོད་ལྟའི་སྒྱུར་བཅོས་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་ནས་ལས་རིགས་ཚང་མའི་ཁྲལ་ཁུར་ཆག་པ་ལས་མི་འཕར་བ་ཏན་ཏིག་བྱེད་པ་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་དངོས་ཕན་ཐོབ་པར་བྱེད་དགོས། གྲོན་དངུལ་དམའ་རུ་གཏོང་རྒྱུ་ལག་ལེན་བསྟར་བ་དང་ས་གནས་ཁག་ལ་དོན་དངོས་ནས་འགོ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཀྱི་གཅིག་གྱུར་སྒྲོམ་གཞིའི་འོག་དུས་མཚམས་རང་བཞིན་གྱི“འགན་བཅོལ་ལྔ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་གཅིག”དམའ་རུ་གཏོང་དགོས། ལུགས་མཐུན་མིན་པའི་གྲོན་བསྡུ་སྣ་ཚོགས་གཙང་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས། གསར་གཏོད་བྱ་རྒྱུར་ལྕག་སྐུལ་བཏང་ནས་དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་རྒྱུ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་བར་སྐུལ་མ་བཏང་ནས་སྒོ་དབྱེའི་ལས་སྟེགས་སྔར་བས་མང་བ་གཏོད་པ་དང་ཞབས་ཞུ་སྔར་བས་ལེགས་པ་ཞུས་ཏེ་དཔལ་འབྱོར་གསར་པ་འཕེལ་རྒྱུར་རོགས་རམ་དང་སྒུལ་ནུས་གསར་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། མིག་སྔར་ལས་རིགས་ཁག་གཅིག་གི་ཁྲོམ་རའི་དགོས་མཁོ་ལེགས་སུ་སོང་ཡོད་ཀྱང་གྲུབ་ཆ་ལེགས་སྒྲིག་བྱ་ཤུགས་ལ་ལྷོད་གཡེང་མི་གཏོང་བར་ངེས་པར་དུ་སྲོལ་རྒྱུན་གྱི་སྒུལ་ནུས་རིམ་སྤོར་སྒྱུར་བཅོས་མགྱོགས་པོ་བྱས་ནས་རྗེས་ལུས་ཀྱི་ཐོན་ནུས་མེད་པ་བཟོ་བ་དང་ལྕགས་དང་ངར་ལྕགས་དང་རྡོ་སོལ་སོགས་ཐོན་ནུས་ལྷག་འཕྲོ་འཇུ་བ་བྱས་ཏེ་བརྒྱུད་རིམ་དེའི་ཁྲོད་ཀྱི་ལས་བཟོ་ཁག་གཅིག་གི་ལས་གནས་བསྒྱུར་བ་དང་གཞི་རྩའི་འཚོ་བ་འགན་ལེན་གྱི་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས། ཁྲོམ་རའི་སྐོར་སྐྱོད་རང་བཞིན་ལུགས་མཐུན་དང་འབེལ་པོ་ཡོང་བ་རྒྱུན་འཁྱོངས་བྱས་ནས། དངུལ་རྩས་དངོས་ཚན་དཔལ་འབྱོར་བརྒྱུད་མཆེད་ཡོང་བར་རོགས་རམ་བྱེད་པའི་ལམ་སྲོལ་སྔར་བས་ཤར་བགྲོད་ཐུབ་པ་བྱས་ཏེ། ཁྲོམ་ར་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཁེ་ལས་ཀྱི་འདེགས་ཤིང་ཚད་རིམ་པར་དམའ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་གྱི་མཉེན་ཤུགས་དང་། བར་མཐོངས་བཅས་འདོན་སྤེལ་གང་ལེགས་བྱས་ནས་ནང་མཁོ་རྒྱ་ཆེར་ཧུར་ཐག་གཏོང་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་ཉིད་ལོ་སྟོད་དུ་ཚང་མ་གཤམ་སྤྲོད་བྱས་ཏེ་ཆེད་དོན་འཛུགས་སྐྲུན་གྱི་ཐེབས་རྩ་གང་ལེགས་སྤྱོད་པ་དང་། ས་གནས་སྲིད་གཞུང་རང་བཞིན་གྱི་བུ་ལོན་བརྗེ་སྤོའི་གཞི་ཁྱོན་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་དངུལ་དེ་བས་མང་པོ་གཏོང་རྒྱུར་སྐུལ་ཁྲིད་བྱེད་པ། གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་གང་མྱུར་དོན་འཁྱོལ་ཡོང་རྒྱུར་སྐུལ་མ་གཏོང་བ། ནུས་ལྡན་གྱི་མ་འཇོག་བྱེད་ཚད་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུས་ནུབ་ས་ཁུལ་གྱི་གྲོང་ཁྱེར་འབྲིང་ཆུང་དང་གྲོང་རྡལ་ཆུང་བ་གོང་འཕེལ་གཏོང་དགོས། འཛད་སྤྱོད་དགོས་མཁོ་གསར་པར་དམིགས་ནས་ལྡོག་སྐུལ་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ལེགས་སུ་བཏང་སྟེ་ནང་མཁོའི་མི་རྟིང་ཤུགས་གསར་པ་ཆེ་རུ་གཏོང་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ནང་འདྲེན་དང་ཕྱིར་གཏོང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་སྐུལ་མ་གཏོང་དགོས།
         ལི་ཁེ་ཆང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་རྩ་བ་ནི་དམངས་འཚོའི་ཆེད་ཡིན། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་ས་ཁུལ་དང་ལས་རིགས་གནས་ཚུལ་གྱེས་སྟངས་མངོན་གསལ་དོད་དུ་སོང་བ་དང་། ཁེ་ལས་ཁག་གཅིག་གི་གཉེར་སྐྱོང་ལ་དཀའ་ངལ་འཕྲད་དེ་ས་གནས་ཁ་ཅིག་ཏུ་ནོར་སྲིད་གཏོང་ཡོང་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དམངས་འཚོ་འགན་ལེན་གྱི་འགན་འཁྲི་ཏན་ཏིག་འཁུར་ནས་བྱེད་ཐབས་སྔར་བས་ནུས་ལྡན་ལ་བརྟེན་པ་དང་། དཔལ་འབྱོར་གཉེར་སྐྱོང་གི“གཞི་སྒྲོམ”སྟེ་ལས་ཞུགས་འདི་ཉིད་བརྟན་པོར་འཛིན་པ་དང་། ལྷག་དོན་དུ་མཐོ་སློབ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་དང་དམག་ལོག་དམག་མི་སོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་དགོས། ཞིང་ལས་ཐོན་སྐྱེད་བརྟན་པོ་ཡོང་བ་བྱེད་པ་དང་། “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱེད་པ། དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ། ལས་བཟོའི་རྒན་གསོའི་དངུལ་དུས་ཐོག་ཏུ་གྲངས་ཚང་སྤྲོད་ཐུབ་པ་བཅས་བྱེད་དགོས། མང་ཚོགས་ཀྱི་འདོད་འདུན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་འདེབས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་གཞི་རྩའི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱས་ཏེ་མི་དམངས་ཀྱིས་སྔར་བས་ཡག་པའི་འཚོ་བ་བསྐྱལ་ཐུབ་རྒྱུ་དེ་རེ་སྙེག་བྱེད་སར་བརྩི་བ་དང་། བྱས་རྗེས་འཇོག་པ་དང་འགན་འཁུར་ཕོད་པ། བྱེད་ཕོད་སྒྲུབ་ཕོད་བཅས་བྱས་ཏེ་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་ཡུལ་ཕྱོགས་གཅིག་ལ་ཕན་བདེ་སྐྲུན་ཐུབ་པར་བྱས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཡག་པོར་བརྟེན་ཏེ་མི་དམངས་ལ་བློ་ཡིད་ཚིམས་པའི་ལན་རྒྱག་དགོས།