མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧོ་པེར"ལོ་ལྔ་ཚན་བཅུ་གསུམ་པའི"རིང་ཡུལ་གཞན་དུ་མི་ཁྲི་42དབུལ་སྐྱོར་གནས་
སྤོ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་9ཉིན་ཧོ་པེ་ཞིང་ཆེན་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རེས་འཁོར་གསར་པའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྒྲུབ་འགོ་ཚུགས་ཡོད། ཧོ་པེས་ལོ་གཉིས་རིང་མི་འབོར་དབུལ་པོ་ཁྲི་42ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་དོན་བསྒྲུབ་རྒྱུ་ཡིན་པ་དང་། 2020ལོར་སླེབས་སྐབས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱས་ཏེ་མང་ཚོགས་དེ་དག་བརྟན་པོའི་ངང་དབུལ་སྒྲོལ་དང་གོམ་སྟབས་གཅིག་མཚུངས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་ཐུབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། རིགས་ལྔའི་ས་ཁུལ་གྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུ་སྟེ། དེ་དག་ནི་གཞི་རྩའི་དབུལ་སྒྲོལ་ཆ་རྐྱེན་མི་ལྡན་པ་དང“ཡུལ་གྱི་ས་ཆུས་ཡུལ་དེ་གའི་མི་འཚོ་སྐྱོང་དཀའ་བའི”ས་ཁུལ་དང་། སྤྱི་པའི་ཞབས་ཞུ་རྗེས་སུ་ལུས་ཚབས་ཆེ་ཁར་འཛུགས་སྐྲུན་མ་གནས་མཐོ་དྲགས་པའི་ས་ཁུལ། རང་བྱུང་གནོད་འཚེ་ཐོན་མང་བ་དང་ཐོན་སླ་བའི་ས་ཁུལ། རྒྱལ་ཁབ་ཀྱིས་གསར་སྤེལ་གཏན་འགོག་གམ་བྱེད་མི་ཆོག་པའི་ས་ཁུལ། ཡུལ་ནད་ཐོན་མང་བའི་ས་ཁུལ་བཅས་ཡིན། ས་ཁུལ་དེ་དག་ནང་ཧྲི་ཅ་ཀྲོང་གྲོང་ཁྱེར་དང་། ཁྲེན་ཏེ་གྲོང་ཁྱེར། ཀྲང་ཅ་ཁོའུ་གྲོང་ཁྱེར། ཆིན་ཧོང་ཏའོ་གྲོང་ཁྱེར། པའོ་ཏིང་གྲོང་ཁྱེར། ཞིན་ཐའེ་གྲོང་ཁྱེར། ཧན་ཏན་གྲོང་ཁྱེར་བཅས་ཆུས་བཙུགས་གྲོང་ཁྱེར་7གྱི་ཁྱོན་རྫོང་38དང་འབྲེལ་ཡོད་པ་རེད།
         ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་ལས་དོན་ནང་ཧོ་པེས“གོམ་སྟབས་གཉིས”ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། གོམ་སྟབས་དང་པོ་ནི་2016ལོར་མི་ཁྲི་12.6ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་སྒྲུབ་འགོ་རྩོམ་རྒྱུ་དང་། མཉམ་སྡེབ་བཀོད་སྒྲིག་ཁུལ་ཆུང་200བསྐྲུན་འགོ་འཛུགས་པ། ཁང་པ་བསྐྲུན་ཁྱོན་སྨི་ངོས་གྲུ་ཁྲི་167.8ཟིན་རྒྱུ་བཅས་དང་། 2017ལོའི་ལོ་མཇུག་གོང་མི་ཁྲི་12.6བཀོད་སྒྲིག་བྱ་རྒྱུ་མ་ཟད། ཆ་རྐྱེན་གཞན་དག་དང་མཐུན་པའི་མི་ཁྲི་29.4ཡི་གནས་སྤོའི་ལས་དོན་སྤྱིའི་ཆར་འགྲུབ་པར་བྱ་རྒྱུ། གོམ་སྟབས་གཉིས་པ་ནི་2018ལོར་སླེབས་སྐབས་སྤྱིར་ན་མི་ཁྲི་29.4ཡི་གནས་སྤོའི་ལས་འགན་ལེགས་སྒྲུབ་བྱས་ནས་2020ལོར་སླེབས་སྐབས་ཡུལ་གཞན་གྱི་དབུལ་སྐྱོར་གནས་སྤོའི་ལས་འགན་ཡོངས་སུ་ལེགས་སྒྲུབ་བྱ་རྒྱུ་མ་ཟད་ལས་ཀའི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་གཏོང་རྒྱུ་དེ་རེད།