མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ཐད་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་
མཐུད་དང་མཐོ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་15ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རྒྱལ་ཡོངས་ཀྱི་ཤེས་བྱའི་བདག་དབང་ཁོངས་གཏོགས་ཀྱིས་ཁེ་བེད་བདག་ཐོབ་ཀྱི་བཙན་གནོད་དང་ཁེ་བེད་བདག་ཐོབ་རྫུས་མའི་གྱོད་གཞི་ཁྲི་8.7ཞིབ་བཤེར་ཐག་གཅོད་བྱས་པ་དེ“ལོ་ལྔ་ཚན་བཅུ་གཅིག་པའི”རིང་གི་ལྡབ་བཅུ་ཙམ་ཡིན། ཤེས་བྱའི་བདག་དབང་སྲུང་སྐྱོབ་་ཐད་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། དེ་ནི་གསར་འགོད་པས་སྐབས་དང་པོའི་ཀྲུང་གོའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་ཡིན།
         ད་ཐེངས་ཀྱི“ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད། བྱ་གཞག་གསར་གཏོད་ལས་ལ་གཞོལ”ཞེས་བརྗོད་བྱ་གཙོ་བོར་བྱེད་པའི་གླེང་སྟེགས་དེ་ཀྲུང་གོ་ཤེས་བྱའི་བདག་དབང་ཚགས་པར་ལས་ཁུངས་ཀྱིས་གཙོ་གཉེར་བྱས་ཤིང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་དང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་རྩལ་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཧྲེ་ཆོན་རྣམ་གཉིས་གླེང་སྟེགས་ནང་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ཧྲེན་ཁྲང་ཡུས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལས་དོན་དེ་སྔར་འཇོག་མྱོང་མེད་པའི་མཐོ་ཚད་ཐོག་བཞག་པ་མ་ཟད། ད་དུང་བྱ་གཞག་གསར་གཏོད་ལ་སྐུལ་མ་གཏོང་བའི་གཞི་རྩའི་འགན་ལེན་ལ་བརྩི་གི་ཡོད། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁེ་བེད་བདག་ཐོབ་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱི་གྱོད་སྒྲུབ་བྱེད་ཚད་གྱོད་གཞི་ཁྲི་7.6ལྷག་ཙམ་ཟིན་པ་དེ་ལོ་རེར་ཆ་སྙོམས་48.6%འཕར་ཡོད། རང་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཐོང་བ་དང་དུས་མཚུངས། ཤེས་བྱའི་བདག་དབང་སྲུང་སྐྱོབ་ཐད་ད་དུང་འགལ་བ་དང་གནད་དོན་རབ་དང་རིམ་པ་འཕྲད་པ་དང་། སྲུང་སྐྱོབ་འབྲས་བུ་དང་སྤྱི་ཚོགས་ཀྱི་རེ་འདུན་དབར་ཧེ་བག་ངེས་ཅན་ཡོད་པ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་དངོས་ཡོད་དགོས་མཁོ་ཡག་པོ་སྐོང་མི་ཐུབ་པ། ཤེས་བྱའི་བདག་དབང་ཐད་ཀྱི་སྲིད་འཛིན་སྲུང་སྐྱོང་བྱེད་ཐབས་མི་འདེང་བའི་ཁར་ནུས་པ་ཞན་པ། སྲིད་འཛིན་གྱི་སྲུང་སྐྱོབ་དང་ཁྲིམས་འཛིན་གྱི་སྲུང་སྐྱོབ་དབར་འབྲེལ་མཐུད་དམ་ཟབ་མེད་ལ་མཐུན་སྦྱོར་ཡང་ཡག་པོ་བྱུང་མེད་པས་ཤེས་བྱའི་བདག་དབང་སྲུང་སྐྱོབ་ཐད“དཔང་རྟགས་འདོན་དཀའ་བ་དང་། དུས་ཡུན་རིང་བ། མ་གནས་མཐོ་བ། སྐྱིན་ཚབ་དམའ་བ། ཕན་འབྲས་ཞན་པ”སོགས་ཀྱི་དཀའ་གནད་སྔར་བཞིན་འཕྲད་པ་ང་ཚོས་གསལ་པོ་ཤེས་གྱི་ཡོད་ཅེས་གསུངས་པ་རེད།