མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལྷན་དུ་དར་གོས་ལམ་བུའི་རྒྱལ་སྤྱིའི་
གླེང་སྟེགས་དང་ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་ས་གནས་དང་དཔལ་འབྱོར་ཉོ་
ཚོང་མཉམ་ལས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་23ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལྷན་དུ་དར་གོས་ལམ་བུའི་རྒྱལ་སྤྱིའི་
གླེང་སྟེགས་དང་ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་ས་གནས་དང་དཔལ་འབྱོར་ཉོ་
ཚོང་མཉམ་ལས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ལྷན་དུ་ཝར་སོ་རུ་དར་གོས་ལམ་བུའི་རྒྱལ་སྤྱིའི་གླེང་སྟེགས་དང་ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་ས་གནས་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གླེང་སྟེགས་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།
         ཞིས་ཅིན་ཕིང་གིས་《ལག་སྦྲེལ་སེམས་མཐུན་གྱིས་འབྱུང་འགྱུར་མཉམ་དུ་གཏོད་》ཅེས་པ་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”ཐད་མཉམ་གྲོས་མཉམ་བསྐྲུན་བྱས་ཏེ་ས་ཁོངས་དཔལ་འབྱོར་དར་རྒྱས་ཡོང་བ་བྱེད་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ། འཕེལ་ཕྱོགས་ཆེན་པོ་དང་མཐུན་པ། དམངས་སེམས་དང་མཐུན་པ་བཅས་བྱེད་དགོས། ང་ཚོས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་གཏོད་མཉམ་སྤྱོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཕོ་ལན་མི་དམངས་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཆུ་མོའི་རྒྱུན་ལས་རིང་བ་ཡོད། མིག་སྔར་ཀྲུང་ཕོ་རྒྱལ་ཁབ་ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ས་ཁུལ་དར་རྒྱས་གཏོང་བ་དང་ས་ཁོངས་མཉམ་ལས་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་དང་། ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་གྲོས་འགོ་ཁག་5བཏོན་གནང་བ་སྟེ།
         གཅིག་ནས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་བཏོད་ནས་ས་ཁོངས་ཧྲིལ་པོའི་མཉམ་ལས་ལ་སྐུལ་ཁྲིད་བྱེད་དགོས་པ་དང་།
         གཉིས་ནས་གཙོ་གནད་འབུར་དུ་ཐོན་པ་བྱས་ཏེ་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་ཁ་ཕྱོགས་གཙོ་བོར་བརྩིས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་ཉོ་ཚོང་དང་མ་འཇོག་ལམ་སྲོལ་མཉམ་དུ་འཛུགས་སྐྱོང་བྱེད་པ་དང་། ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཡོ་རོབ་ཀྱི་སྔོན་ཐོན་ལག་རྩལ་གྱི་ལེགས་ཆ་དང་། ཀྲུང་གོའི་ཐོན་ནུས་ཀྱི་ལེགས་ཆ། ཕོ་ལན་གྱི་ས་བབ་དང་ཤེས་ལྡན་མི་སྣའི་ལེགས་ཆ་བཅས་བསྡུ་སྒྲིལ་བྱས་ནས་ཉོ་ཚོང་གི་ལྟེ་གནས་དང་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་གཏོད་དགོས་པ།
         གསུམ་ནས་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་དེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་སྦྲེལ་མཐུད་དེ་བས་དམ་ཟབ་ཐུབ་པ་བྱས་ནས་ཡུན་རིང་དངོས་གཉེར་གྱི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་བྱ་ཐབས་ཤིག་བཏོད་དགོས་པ།
         བཞི་ནས་ལམ་སྲོལ་ལེགས་བཅོས་བྱས་ཏེ་ས་གནས་སྲིད་གཞུང་དང་། ཁེ་ལས། དམངས་ཁྲོད་སྒྲིག་གཞི་གཞན་དག་དབར་མཉམ་ཤུགས་ཆགས་པ་བྱེད་དགོས། ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་ས་གནས་སྲིད་གཞུང་གིས་མུ་མཐུད་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ས་ཆ་དེ་གའི་ཁེ་ལས་དང་དམངས་ཁྲོད་སྒྲིག་གཞི་གཞན་དག་གིས་མཉམ་ལས་བྱ་རྒྱུར་འབྲེལ་ཟམ་མང་པོ་དང་ཡག་པོ་བཙུགས་ཏེ་ཁྱབ་ཁོངས་ཁག་གི་དོན་གཉེར་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ཐོག་ཀྲུང་ཕོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་པ།
         ལྔ་ནས་རིག་སྟོབས་ལ་སྔོན་ལ་དམ་འཛིན་བྱས་ཏེ་རིག་མཛོད་ཀྱི་འདེགས་སྐྱོར་སྣེ་ཁྲིད་ཀྱི་ནུས་པ་ཤུགས་ཆེར་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཇུས་གཞི་དང་ལམ་རྒྱུད་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་སྦྲེལ་མཐུད་དང་། སྲིད་ཇུས་མཐུན་སྦྱོར། ལམ་སྲོལ་ཇུས་འགོད་བཅས་ཀྱི་ཐད་སྲིད་གཞུང་གི་ཇུས་འདོན་མཁན་དང་ལས་རོགས་ཡག་པོ་ཞིག་བྱས་ནས་འདུ་ཤེས་བརྒྱུད་བསྒྲགས་དང་། སྲིད་ཇུས་གསལ་འགྲེལ། དམངས་འདོད་གསལ་ཤེས་བཅས་ཀྱི་ཐད་འབྲེལ་ཟམ་དང་སྦྲེལ་ཐག་ལྟ་བུ་ཞིག་བྱེད་དགོས།
         ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་ཕོ་ལན་གྱི་ཙུང་ལི་ཤིས་ཏེ་ཝོ་རྣམ་གཉིས་ཀྱིས་ཤིས་ཚིག་སྒྲོན་སྐབས་དར་གོས་ལམ་བུས་སྔར་སོང་དང་ད་ཆའི་ཡོ་རོབ་དང་ཨེ་ཤེ་ཡ་མཉམ་དུ་དམ་པོར་འབྲེལ་ཐུབ་པ་བྱས་ཡོད། ཕོ་ལན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིར་རྒྱབ་སྐྱོར་ཞུས་པ་དང་འབྲེལ་ཡོ་རོབ་དབུས་ཤར་ས་ཁུལ་དུ་གཞན་གྱི་སྔོན་ལ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་ནས་ཡོ་རོབ་དང་ཨེ་ཤེ་ཡའི་མཉམ་ལས་ལ་ཧུར་ཐག་གཞོལ་ཡོད། དར་གོས་ལམ་བུ་དེ“སྤོས་ཤེལ་ལམ་བུ”དང་སྦྲེལ་མཐུད་ཐུབ་པ་བྱས་ཏེ་ཡོ་རོབ་དང་ཨེ་ཤེ་ཡའི་བདེ་འཇགས་དང་དར་རྒྱས་ཡོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞིས་ཅིན་ཕིང་ད་ཐེངས་ཕོ་ལན་དུ་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཡོད་པ་དེས་ཕོ་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། ས་གནས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་སྔར་བས་འཕེལ་བ་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུ་རེད་ཅེས་གསུངས་པ་རེད།