མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕ་ཁི་སི་ཐན་དང་། ཏུར་མེན་སི་ཐན། མོང་གོལ་རྒྱལ་ཁབ། ཐ་ཇིག་སི་
ཐན་བཅས་ཀྱི་ཙུང་ཐུང་དང་སོ་སོར་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་25ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

ཟླ་6ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་དུ་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིན་དང་མཇལ་འཛོམས་གནང་བ།

ཟླ་6ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་དུ་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིན་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་དུ་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སའེ་དབྱིན་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་དེང་སྐབས་ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་། མཐོ་རིམ་དབར་འབྲེལ་གཏུག་ཡང་ཡང་བྱེད་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་སོང་བ་བཅས་ཡིན་པས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་རྒྱལ་ཁབ་གཉིས་པོའི་འབྲེལ་གཏུག་དང་མཐུན་སྦྱོར་ཧ་ཅང་ཡག་པོ་ཡོད། འདི་ལོ་ནི་ཀྲུང་ཕའི་དབར་འབྲེལ་ལམ་བཙུགས་ནས་ལོ་65འཁོར་བའི་ལོ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བྱས་ནས་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་ཕའི་མཛའ་གྲོགས་དེ་དངོས་སྒྲུབ་མཉམ་ལས་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྱོང་ལ་གཙོ་གནད་དུ་སྐུལ་འདེད་བཏང་སྟེ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་དང་ནུས་རྒྱུའི་རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ཐོག་བར་ཁྱམས་ཀྱི་ལེ་ལག་ཚང་བའི་དམངས་འཚོའི་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དཔལ་འབྱོར་ཉོ་ཚོང་དང་། བདེ་འཇགས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ནས་ཀྲུང་ཕའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་སྙིང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་དུ་ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མའེ་ཏུའོ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནུས་རྒྱུའི་མཉམ་ལས་ནི་ཀྲུང་ཏུར་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ནུས་རྒྱུའི་མཉམ་ལས་ཡག་པོ་བྱེད་རྒྱུ་དང་འབྲེལ་རྒྱ་སྐྱེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཐོགས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཏུར་མེན་སི་ཐན་དུ་ལས་སྒོ་སྤེལ་བ་དང་དུས་མཚུངས་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ་ས་ཆ་དེ་གའི་དམངས་ཚོགས་ལ་ཕན་འདོགས་དགོས། ཏུར་མེན་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་དང་། ཏུར་མེན་སི་ཐན་ཕྱོགས་ཀྱིས་ས་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཟོག་འགྲེམས་སྐྱེལ་འདྲེན་ལས་ཕྱོད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུར་སྤྱད་པའི་བྱེད་ཐབས་ལ་དགའ་བསུ་ཞུ་རྒྱུ་ཡིན་ལ་ཀྲུང་གོའི་ཁེ་ལས་འབྲེལ་ཡོད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཧུར་ཐག་ངང་ཞུགས་འདོད་ཀྱང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཏུར་མེན་སི་ཐན་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་ཐོན་ནུས་མཉམ་ལས་ལ་ཞིབ་འཇུག་བྱས་ནས་ཞིང་ལས་ཐད་ཀྱི་མཉམ་ལས་ལ་མུ་མཐུད་གྲོས་བསྡུར་བྱ་འདོད་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་མཉམ་ལས་དམ་ཟབ་བྱེད་དགོས། ཏུར་མེན་སི་ཐན་གྱིས་སློབ་གྲྭ་འབྲིང་ཆུང་དུ་རྒྱ་ཡིག་སློབ་ཚན་འཚོག་རྒྱུ་ཡིན་པ་དེར་རང་ཉིད་ཧ་ཅང་དགའ་པོ་བྱུང་། ཕྱོགས་གཉིས་པོས་ཁྲིམས་སྐྱོང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“ངན་ཤུགས་གསུམ”ལ་རྡུང་རྡེག་ཚ་ནན་བཏང་ཐོག་ས་ཁུལ་དེ་གའི་བདེ་འཇགས་དང་བརྟན་ལྷིང་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་དུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨེ་ལེ་པེ་ཀེ་ཏའོར་ཅི་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་དེང་སྐབས་ཀྲུང་མོང་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་པ་དང་ཕྱོགས་གཉིས་པོས་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གྲུབ་ཟིན་པའི་ངོས་འཛིན་གཅིག་མཐུན་གལ་ཆེན་ཁག་དུས་ཚོད་དམ་འཛིན་ངང་དོན་འཁྱོལ་བྱེད་པ་དང་། ཀྲུང་མོང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་སྙིང་དོན་ཕུན་སུམ་ཚོགས་སུ་བཏང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་གསར་པ་དེ་བས་མཐོ་བར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་པོས་རིམ་པ་ཁག་དབར་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་། རང་སོ་སོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དེ“རྩྭ་ཐང་ལམ་བུའི”གྲོས་འགོའི་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་2020ལོར་སླེབས་སྐབས་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་100ཟིན་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས། རྒྱལ་ཁབ་གཉིས་པོའི་རྣམ་གྲངས་ཆེ་མོའི་མཉམ་ལས་ལ་དོན་དམ་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ས་མཚམས་ལས་སྒྲོལ་བའི་སྐྱེལ་འདྲེན་སོགས་རྣམ་གྲངས་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ས་ཁུལ་གྱི་ཕྱོགས་མང་ལམ་སྲོལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། མོང་གོལ་དང་ཨུ་རུ་སུ་ཕྱོགས་དང་ཀྲུང་མོང་ཨུ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཟླ་བ་རྗེས་མར་མོང་གོལ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འགོ་གཙོའི་ཚོགས་འདུ་སྐབས་བཅུ་གཅིག་པ་གཉེར་རྒྱུར་རྒྱབ་སྐྱོར་བྱ་འདོད་ཡོད་ཅེས་བསྟན་གནང་བ་རེད།
         ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཐ་ཧྲི་ཀན་དུ་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧེ་མོང་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཐ་ནི་མཛའ་གཅུགས་ཟབ་པའི་མཛའ་གྲོགས་ཀྱི་ཁྱིམ་མཚེས་དང་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པའི་འཐབ་ཇུས་རོགས་ཟླ་ཡིན། ད་ཕན་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་དབར་མཐོ་རིམ་གྱི་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་ཕན་འབྲས་ཆེན་པོ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཐའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཀྱི་ཡོད་ལ་ཐ་ཇིག་སི་ཐན་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཟབ་མོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྩེ་རིམ་ཇུས་འགོད་དང་གཙོ་གནད་རྣམ་གྲངས་གདམ་གསེས་ཡག་པོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་ནང་གི་མཉམ་ལས་ལ་འོས་འཚམ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་འདོད་ཡོད། ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད། ཛ་དྲག་ཆེ་བའི་གེགས་སེལ་སོགས་ཁྱབ་ཁོངས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་མི་སྣ་འགྲོ་འོང་བྱ་རྒྱུར་སྟབས་བདེ་སྐྲུན་པ། འཇིགས་སྐུལ་ལ་ངོ་རྒོལ་དང་། དུག་འགོག དྲ་རྒྱའི་བདེ་འཇགས། རྒྱལ་མཚམས་ལས་སྒྲོལ་བའི་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་བདེ་འཇགས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།