མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
ཐོག་གི་གསུང་བཤད།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་06ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

                                                                        ཞིས་ཅིན་ཕིང་། (2016ལོའི་ཟླ་7ཚེས་1ཉིན།)
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
          དེ་རིང་ང་ཚོ་དེ་གར་འདུ་འཛོམས་གཟབ་རྒྱས་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟ་བ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འོད་ཟེར་ལྡན་པའི་མདུན་ལམ་ལ་རྒྱང་ལྟ་བྱེད་པ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་དེ་བས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་རྒྱུ་དེ་ཡིན།
         བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
         ལོ་ངོ་སྟོང་གི་ལོ་རྒྱུས་འཕེལ་རྒྱས་ཁྲོད་ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་ཤེས་དཔལ་བཏོད་ནས་མིའི་རིགས་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་ཏེ་འཛམ་གླིང་ཐོག་གི་རླབས་ཆེན་མི་རིགས་སུ་གྱུར་ཡོད། འོན་ཀྱང་ཉེ་རབས་རྗེས་སུ་ནུབ་ཕྱོགས་བཙན་ཤེད་ཅན་གྱི་བཙན་འཛུལ་ཕོག་པ་དང་བཀས་བཀོད་རྒྱུད་འཛིན་དབང་སྒྱུར་རུལ་སུངས་དབང་གིས་ཀྲུང་གོ་འདི་ཉིད་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་རིམ་གྱིས་གྱུར་ནས་རི་ཀླུང་ཐོར་བཤིག་དང་མི་དམངས་རྣམས་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུངས་ནས་ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མྱོང་མེད་པའི་དཀའ་སྡུག་འཕྲད་ཡོད།
          དཀའ་སྡུག་གི་མདུན་དུ་ཀྲུང་གོའི་མི་དམངས་རྣམས་གཉའ་མི་ཞུམ་པར་སྐེད་པ་དྲོངས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་འགོག་རྒོལ་བྱས་ཏེ་ལན་བརྒྱ་ཕམ་ཡང་དཔའ་མི་ཞུམ་པའི་སྙིང་སྟོབས་ཐོག་ནས་སྤོབས་པས་རི་ཀླུང་སྒུལ་ཐུབ་པའི་འཐབ་རྩོད་རེ་རེ་བཞིན་བྱས་ཏེ་དགའ་སྐྱོ་གཉིས་ལྡན་གྱི་ལོ་རྒྱུས་སྙན་ངག་རེ་རེ་བཞིན་བརྩམས་ཡོད།
          1921ལོའི་ལྔ་བཞིའི་ལས་འགུལ་རྗེས། ཀྲུང་ཧྭ་མི་རིགས་ནང་རྩོད་ཕྱི་འཁྲུག་དང་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་ཉེན་ཁ་ཚབས་ཆེན་འཕྲད་པའི་རྒྱབ་ལྗོངས་འོག་དང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་བཟོ་པའི་ལས་འགུལ་ཟུང་འབྲེལ་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་རེད།
         ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེ་ནི་འཇིག་རྟེན་གསར་སྐྲུན་གྱི་དོན་ཆེན་ཞིག་ཡིན། འཇིག་རྟེན་གསར་སྐྲུན་གྱི་་དོན་ཆེན་དེས་ཉེ་རབས་ཚུན་གྱི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་། འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་རྣམ་པ་བཅས་ལ་འགྱུར་ལྡོག་གཏིང་ཟབ་ཐེབས་ཡོད།
         ལོ་95ཡི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་ཀྱག་ཀྱོག་གི་ལམ་བུ་ཡང་ནས་ཡང་དུ་སྒྲོལ་བ་དང་རྒྱལ་ཁ་ཡང་ནས་ཡང་དུ་བླངས་ཏེ་ཀྲུང་ཧྭ་མི་རིགས་ཆེད་རླབས་ཆེའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད།
          རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཁྲག་དྲོན་དམག་འཐབ་ལོ་28བྱས་ཏེ་རི་པིན་བཙན་རྒྱལ་རིང་ལུགས་གཏོར་ཕམ་བཏང་བ་དང་། གོ་མིན་ཏང་གི་ལོག་སྤྱོད་དབང་སྒྱུར་མགོ་རྟིང་བསློགས་པ། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་གསར་པ་ལེགས་འགྲུབ་བྱས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་བཅས་ཀྱི་རླབས་ཆེའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད། རླབས་ཆེའི་ལོ་རྒྱུས་ཀྱི་ལེགས་སྐྱེས་དེའི་དོན་སྙིང་ནི་ཀྲུང་གོ་རྙིང་པའི་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་སྒྲིལ་བ་དང་། ཀྲུང་གོ་རྙིང་པའི་སྲན་ཕུང་ཐོར་བ་ལྟ་བུའི་རྣམ་པ་རྦད་དེ་མཇུག་སྒྲིལ་བ། ཀྲུང་གོར་བཙན་ཤེད་བཙན་འགེལ་བྱས་པའི་འདྲ་མཉམ་མེད་པའི་ཆིངས་ཡིག་དང་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་མཐའ་དག་མེད་པ་བཟོས་པ་བཅས་བྱས་ཏེ་ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་གི་བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་བསྐྱོད་པའི་རླབས་ཆེན་འཕུར་མཆོང་མངོན་འགྱུར་བྱུང་བ་རེད།
         རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ལེགས་འགྲུབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་གཏན་ལ་འཁེལ་བ་དང་བཤུ་བཞོག་ལམ་ལུགས་ཚང་མ་མེད་པ་བཟོས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རླབས་ཆེའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད། རླབས་ཆེའི་ལོ་རྒྱུས་ཀྱི་ལེགས་སྐྱེས་དེའི་དོན་སྙིང་ནི་ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་བྱུང་ཚུན་གྱི་ཆེས་རྒྱ་ཆེ་གཏིང་ཟབ་ཀྱི་སྤྱི་ཚོགས་འཕོ་འགྱུར་བྱུང་སྟེ་དེང་དུས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལ་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོ་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་ཡོད་ལ། ཀྲུང་གོ་དེ་ཉིད་འཕེལ་རྒྱས་དང་སྟོབས་འབྱོར་ལྡན་པ་དང་། ཀྲུང་གོ་མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་འབྲེལ་ཀྲུང་ཧྭ་མི་རིགས་དེ་ཉིད་རྒྱུན་ཆད་མེད་པར་ཉམས་རྒུད་འགྲོ་བ་ནས་ལས་དབང་ལ་རྦད་དེ་འགྱུར་ལྡོག་བྱུང་བའི་བར་དང་མུ་མཐུད་སྟོབས་འབྱོར་ལྡན་པའི་ཕྱོགས་སུ་བསྐྱོད་པའི་རླབས་ཆེན་གྱི་འཕུར་མཆོང་མངོན་འགྱུར་བྱུང་བ་དེ་ཡིན།
          རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་གྱི་གསར་བརྗེ་གསར་པ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གསར་གཏོད་རང་བཞིན་ལ་སྐུལ་སྤེལ་ཆེན་པོ་ཐེབས་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པ་དང་འཕེལ་རྒྱས་ཆེན་པོ་བྱུང་བ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་སྟོབས་ཆེར་ཕྱིན་པ། མི་དམངས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཕྱོགས་བསྡུས་རྒྱལ་སྟོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རྒྱལ་སྤྱིའི་གནས་བབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་རླབས་ཆེའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད། རླབས་ཆེའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཀྱི་དོན་སྙིང་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བཅས་བྱས་ནས་ཀྲུང་གོ་འདི་ཉིད་དུས་རབས་ཀྱི་རྗེས་སུ་བསྙེགས་ཐུབ་པ་བྱུང་བ་དང་། ཀྲུང་གོ་མི་དམངས་ཡར་ལངས་བྱུང་བ་ནས་ཕྱུག་པོར་གྱུར་པ་དང་སྟོབས་ཆེར་ཕྱིན་པའི་རླབས་ཆེན་གྱི་འཕུར་མཆོང་མངོན་འགྱུར་བྱུང་བ་དེ་ཡིན།
          ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཐོབ་པའི་རླབས་ཆེན་རྒྱལ་ཁ་དེས་ལོ་5000ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་ཁྲིད་དེ་དེང་རབས་ཅན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་ཤེས་དཔལ་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་མངོན་པ་བྱས་པ་དང་། ལོ་500ཡི་ལོ་རྒྱུས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདོད་ཚུལ་དེ་འཛམ་གླིང་ཐོག་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་ཚད་མཐོའི་དངོས་ཡོད་རང་བཞིན་དང་སྤྱོད་གོ་ཆོད་པའི་ཡང་དག་ལམ་བུ་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ་དུས་རབས་21པར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་མངོན་པ་བྱས་པ། ལོ་60ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཀྲུང་གོ་གསར་པ་འཛུགས་སྐྲུན་ལ་འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པས། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོ་དུས་ཐུང་ལོ་30ལྷག་ཙམ་ནང་དབུལ་ཕོངས་ལས་གྲོལ་བ་མ་ཟད། འཛམ་གླིང་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་མཆོང་སྐྱོད་བྱུང་བ་དང་སའི་གོ་ལའི་སྐྱིད་སྡུག་ནས་ཕུད་པའི་ཉེན་ཁ་ལས་རྦད་དེ་གྲོལ་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཐོག་གནམ་ས་གཡོ་བ་ལྟ་བུའི་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་གསར་པ་མངོན་ཡོད།
          ལོ་རྒྱུས་ཀྱིས་ང་ཚོར་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་མེད་པ་དང་། སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྔོན་ཐོན་སྲིད་ཏང་གི་འགོ་ཁྲིད་མེད་པ། སྔོན་ཐོན་སྲིད་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མི་བསྟུན་པ་དང་། ལོ་རྒྱུས་ཀྱི་འགན་འཁྲི་ཁུར་མི་ཕོད་པ། བློས་གཏོང་ཆེན་པོ་བྱེད་མི་ཕོད་པ་བཅས་བྱས་ན། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་མགོ་བོ་གནོན་མཁན་ལོག་སྤྱོད་ཤོག་ཁག་སྣ་ཚོགས་ལ་རྡུང་རྡེག་གཏོང་ཐབས་བྲལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱིས་གཉའ་གནོན་དང་བྲན་བཀོལ་གྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐབས་བྲལ་བ། ང་ཚོའི་རྒྱལ་ཁབ་མཐུན་སྒྲིལ་གཅིག་གྱུར་དང་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་གྲ་རྒྱས་སྟོབས་འབྱོར་གྱི་ཕྱོགས་སུ་སྐྱོད་ཐབས་བྲལ་བ་བཅས་བརྗོད་ཡོད།
         ལོ་རྒྱུས་ཀྱིས་ང་ཚོར་ལོ་95ཡི་རིང་ཀྲུང་གོས་བརྒྱུད་མྱོང་བའི་ལོ་རྒྱུས་དང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་བརྒྱུད་མྱོང་བའི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་ཁྲག་དྲོན་དང་། རྔུལ་ཆུ། མིག་ཆུ་བཅས་ལས་གྲུབ་པ་ཞིག་དང་དཀའ་སྡུག་དང་འོད་སྟོང་དང་། ཀྱག་ཀྱོག་དང་རྒྱལ་ཁ། བློས་གཏོང་དང་གྲུབ་འབྲས་བཅས་ལྡན་པས་དེ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བརྗེད་མི་རུང་བ་དང་ཁས་མི་ལེན་པ་བྱེད་མི་རུང་བའི་བརྗིད་ཉམས་ལྡན་པའི་ལེའུ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་སྔ་འཛིན་ཕྱི་གཏོད་དང་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་དངོས་ཡོད་ཀྱི་རྨང་གཞི་ཞིག་ཡིན་པ་བརྗོད་ཡོད།
          ལོ་རྒྱུས་ཀྱིས་ད་དུང་ང་ཚོར་ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ལ་འགོ་ཁྲིད་བྱ་རྒྱུ་གདམ་ག་བྱས་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་གནང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པ་དེ་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་བ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་བསྡུ་ལེན་བྱེད་པ། རང་ཚུགས་རང་བདག་ལ་བརྟེན་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་པ་དེ་ནི་ཡང་དག་པ་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ནམ་ཡང་གཡོ་འགུལ་གཏོང་མི་རུང་བ་བཅས་བརྗོད་ཡོད།
         བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
         ལོ་95རིང་ང་ཚོར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་ཀྲུང་གོ་མི་དམངས་དང་མཉམ་དུ་མུ་མཐུད་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཡིན། བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པ་དང་། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ་བསམ་ཚོད་ལས་འདས་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འོད་སྟོང་ལྡན་པའི་མདུན་ལམ་བསུས་ཡོད།
         རྔམ་བརྗིད་ལྡན་ལ་གཟི་བརྗིད་ལྡན་པའི་དུས་འདིར་ང་ཚོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་དང་། ཀྲུང་གོ་གུང་ཁྲན་ཏང་འཛུགས་པ་དང་། སྲ་བརྟན། འཕེལ་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་གསར་བརྗེ་པ་རྒན་རབས་ལ་དྲན་གསོ་ཟབ་མོ་ཞུ་རྒྱུ་དང་། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོབ། འཛུགས་སྐྲུན་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ངང་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་ཟབ་མོ་ཞུ་རྒྱུ་ཡིན་ལ། ཉེ་རབས་ཚུན་ཀྲུང་ཧྭ་མི་རིགས་ཀྱི་རང་བཙན་དང་མི་དམངས་བཅིངས་འགྲོལ་ཆེད་སྙིང་རུས་ཆེན་པོས་འབད་འཐབ་བྱེད་མཁན་སྤྱོད་བཟང་འདུན་ཆེའི་མི་སྣ་ཡོངས་ལ་དྲན་གསོ་ཟབ་མོ་ཞུ་རྒྱུ་ཡིན། ཁོང་ཚོས་མེས་རྒྱལ་དང་མི་རིགས་ཆེད་བཞག་པའི་བྱས་རྗེས་རླབས་ཆེན་དག་ལོ་རྒྱུས་དེབ་ཐེར་ཐོག་འཁོད་ངེས་ཡིན། ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་མི་དམངས་དུང་ཕྱུར་མང་པོའི་སེམས་ནང་ནམ་ཡང་གནས་ངེས་ཡིན།
         མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཞིག་ཡིན་ལ། དཔའ་བོ་ངོ་མ་ཞིག་ཡིན། འདིར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་པ་། ཤེས་ཡོན་ཅན་བཅས་དང་། དམངས་གཙོའི་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ་ཁག ལས་རིགས་ཁག་གི་རྒྱལ་གཅེས་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ་བཅས་དང་དེ་བཞིན་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་དང་མཛའ་གྲོགས་མཉམ་གནས་བྱེད་མཁན་དང་། ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཁག་གི་མི་དམངས་དང་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

【1】  【2】  【3】  【4】  【5】