མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
ཐོག་གི་གསུང་བཤད།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་06ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ལོ་95ཡི་རིང་མི་རབས་ནས་མི་རབས་བར་གྱི་ཕུལ་བྱུང་ཀྲུང་གོ་གུང་ཁྲན་ཏང་མིས་མེས་རྒྱལ་དང་མི་དམངས་ལ་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཏེ་གུང་ཁྲན་ཏང་མིའི་དམངས་ལ་བརྩེ་སེམས་འཆང་བ་དང་བླ་ན་མེད་པའི་སྤྱོད་ཚུལ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། ད་ཐེངས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། ཕུལ་བྱུང་ཏང་དོན་ལས་དོན་པ། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ནི་ལས་རིགས་ཁག་གི་ཕུལ་དུ་བྱུང་བའི་འཐུས་མི་ཡིན། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ད་ཐེངས་གཟེངས་བསྟོད་ཐོབ་པའི་བློ་མཐུན་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།
          "མེ་ལོང་གཙང་མར་རང་གཟུགས་གསལ། འདས་པའི་དོན་ལས་ད་ལྟ་རྟོགས" དེ་རིང་ང་ཚོས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི་གྲུབ་འབྲས་ཁྲོད་ནས་སེམས་གསོ་འཚོལ་བ་ཞིག་མིན་ལ། བྱས་རྗེས་ཀྱི་ཟིན་ཐོར་བསྙེས་པ་དང་ད་ཆ་འཕྲད་པའི་དཀའ་ངལ་དང་གནད་དོན་ལས་གཡོལ་ཆེད་ཁ་གཡར་ས་འཚོལ་བ་ཞིག་དེ་བས་ཀྱང་མིན་པར་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་སྟངས་འཛིན་བྱས་ནས་གསར་འབྱེད་མདུན་སྐྱོད་ཀྱི་བློ་སྟོབས་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་ཡིན།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ནི་ཡུན་རིང་དང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་དུ་མ་ལྡན་པའི་རླབས་ཆེན་འཐབ་རྩོད་སྤེལ་རྒྱུ་གྲ་སྒྲིག་དགོས་པ་བསྟན་ཡོད། དེས་ཏང་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་པ་དང་། ཉེན་ཁ་གལ་ཆེན་འགོག་ཐབས་བྱེད་པ། འགོག་རྐྱེན་གལ་ཆེན་ཁྱད་བསད་བྱེད་པ། འགལ་ཟླ་གལ་ཆེན་ཐག་གཅོད་བྱེད་པ་བཅས་བྱ་རྒྱུ་གྲ་སྒྲིག་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་གི་འགོ་ཁྲིད་གནས་བབ་དང་སྲིད་འཛིན་གནས་བབ་མཐའ་འཁྱོངས་དང་སྲ་བརྟན་དུ་བཏང་ནས་རང་རེའི་ཏང་དང་། རང་རེའི་རྒྱལ་ཁབ། རང་རེའི་མི་དམངས་བཅས་ནམ་ཡང་མི་ཕམ་པའི་གནས་སུ་འགྱིང་ངེར་གནས་ངེས་ཡིན་པའི་ཁ་ཏ་བྱས་ཡོད།
         ལོ་རྒྱུས་ཀྱི་འཁོར་ལོ་ནི་རྟག་ཏུ་མདུན་དུ་སྐྱོད་བཞིན་ཡོད་པས་ལོ་རྒྱུས་ཀྱིས་ཐེ་ཚོམ་བྱེད་མཁན་དང་། བབ་ལྟ་བྱེད་མཁན། སྒྱིད་ལུག་བྱེད་མཁན། འཇོན་ཐང་མེད་མཁན་བཅས་སྒུག་མི་སྲིད། ལོ་རྒྱུས་དང་གོམ་པ་དུས་གཅིག་ཏུ་སྤོ་བ་དང་དུས་རབས་དང་ལས་དབང་གཅིག་ཏུ་འབྲེལ་བའི་མིར་གཞི་ནས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཐོབ་ངེས་ཡིན།
         རང་རེའི་ཏང་གིས་ལོ་95ཡི་ལོ་རྒྱུས་ལམ་བུ་བརྒྱུད་ཡོད། འོན་ཀྱང་ང་ཚོས་ཏང་འཛུགས་སྐབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་འབད་འཐབ་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། མདུན་དུ་སྐྱོད་སྐབས་བརྒྱུད་མྱོང་བའི་ལམ་བུ་བརྗེད་མི་རུང་བ་དང་། ཐག་རིང་གང་དུ་སླེབས་པ་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གང་དུ་སླེབས་རུང་། བརྒྱུད་མྱོང་བའི་ལམ་བུ་བརྗེད་མི་རུང་བ་དང་མདུན་སྐྱོད་བྱེད་དགོས་དོན་དེ་བས་བརྗེད་མི་རུང་། འབྱུང་འགྱུར་ལ་ཕྱོགས་པ་དང་འགྲན་སློང་ལ་ཕྱོགས་སྐབས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱེད་དགོས།
         —— ཐོག་མའི་བསམ་འདུན་མི་བརྗེད་པ་དང་མུ་མཐུད་མདུན་དུ་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པར་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་དེང་སྐབས་ཀྲུང་གོའི་དོན་དངོས་དང་དུས་རབས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མར་ཁེ་སི་རིང་ལུགས་དེ་ཀྲུང་གོ་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
         མཛུབ་ཁྲིད་དགོངས་པ་ནི་སྲིད་ཏང་ཞིག་གི་སྙིང་སྟོབས་ཀྱི་དར་ཆ་ཞིག་ཡིན། ལོ་95ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཉེ་རབས་ཚུན་གྱི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་སྒྲུབ་མི་ཐུབ་པའི་དཀའ་ཚེགས་ཀྱི་ལས་འགན་ལེགས་གྲུབ་ཐུབ་དོན་ནི་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མར་ཁེ་སི་རིང་ལུགས་དེ་རང་ཉིད་ཀྱི་བྱ་སྤྱོད་ཕྱོགས་སྟོན་དུ་བརྩིས་པ་དང་འབྲེལ་ལག་ལེན་ནང་མར་ཁེ་སི་རིང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། དེར་བརྟེན་རང་རེའི་ཏང་དེ་ཉིད་དེ་སྔའི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་རང་ངོས་ཀྱི་དམིགས་བསལ་ཁེ་ཕན་དོན་གཉེར་བྱེད་པའི་བཀག་རྒྱ་ལས་ཐར་ནས་དངོས་གཙོ་རྩོད་སྒྲུབ་ཀྱི་ཚན་རིག་དང་མཐུན་པའི་དགོངས་དོན་དང་སྒེར་སེམས་མེད་ལ་དཔའ་མི་ཞུམ་པའི་བློ་རྒྱ་ཆེན་པོར་བརྟེན་ནས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་འགོ་ཁྲིད་དང་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པར་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་ཡོད། དཀའ་ངལ་སྣ་ཚོགས་འཕྲད་པའི་དུས་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་དུས་གང་ཞིག་ཡིན་རུང་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་ལ་གཡོ་འགུལ་བཏང་མེད།
         མར་ཁེ་སི་རིང་ལུགས་དང་། དེ་བཞིན་དེ་ཉིད་ཀྲུང་གོར་འཕེལ་རྒྱས་ཕྱིན་པར་བརྟེན། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་གཅིག་གྱུར་ཟབ་ཏུ་གཏོང་རྒྱུར་སྲ་ཤིང་བརྟན་པའི་བསམ་བློའི་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།
          མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་མཛུབ་ཁྲིད་ཀྱི་བསམ་བློ་ཞིག་ཡིན། མར་ཁེ་སི་རིང་ལུགས་དང་རྒྱབ་འགལ་བྱེད་པའམ་ཡང་ན་དེ་དོར་ཚེ་རང་རེའི་ཏང་གི་བླ་སྲོག་མེད་པར་འགྱུར་བ་དང་ཁ་ཕྱོགས་འཛོལ་ངེས་ཡིན། མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱ་རྒྱུའི་རྩ་བའི་གནད་དོན་དེའི་ཐོག་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཡོང་བ་བྱས་ནས་དུས་གང་རུང་དང་གནས་ཚུལ་གང་རུང་གི་འོག་གཡོ་འགུལ་སྤུ་ཙམ་ཡང་མི་ཐེབས་པ་བྱེད་དགོས།
         དེ་དང་ཆབས་ཅིག་དུས་རབས་ཀྱི་ཁྱད་ཆོས་དང་ལག་ལེན་གྱི་བླང་བྱ་གསར་པའི་མདུན་དུ་མར་ཁེ་སི་རིང་ལུགས་ལའང་ཀྲུང་གོ་ཅན་དང་། དུས་རབས་ཅན། སྤྱི་དམངས་ཅན་བཅས་ཀྱི་གནད་དོན་འཕྲད་ཡོད། མར་ཁེ་སི་རིང་ལུགས་ཀྱིས་བདེན་དོན་མཇུག་བསྒྲིལ་མེད་པར་བདེན་དོན་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་བཏོད་ཡོད། ཨེན་ཀེ་སིས"མར་ཁེ་སིའི་འཇིག་རྟེན་ལྟ་བ་ཧྲིལ་པོ་ནི་བསྟན་དོན་ཞིག་མིན་པར་བྱ་ཐབས་ཤིག་ཡིན། དེས་མཁོ་འདོན་བྱེད་པ་ནི་དང་ལེན་བྱེད་ཆོག་ཆོག་གི་ལུང་འཛིན་ཞིག་མིན་པར་སྔར་བས་ཞིབ་འཇུག་བྱེད་པའི་འགོ་འཛུགས་ས་དང་ཞིབ་འཇུག་དེ་རིགས་ལ་མཁོ་འདོན་བྱས་པའི་བྱེད་ཐབས་ཤིག་ཡིན"ཞེས་གསུངས་མྱོང་ཡོད།
         དུས་རབས་ནི་བསམ་བློའི་འབྱུང་རྩ་དང་ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་ཡིན། ལག་ལེན་དང་འཕེལ་རྒྱས་ལ་ནམ་ཡང་མཚམས་ཆད་རྒྱུ་མེད་པས་ང་ཚོས་བདེན་དོན་ཤེས་རྟོགས་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་དུས་ནམ་ཡང་མཚམས་འཇོག་བྱེད་མི་རུང་། ད་ཆ་དུས་རབས་ཀྱི་འཕོ་འགྱུར་དང་རང་རྒྱལ་འཕེལ་རྒྱས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་དེ་མར་ཁེ་སི་རིང་ལུགས་ཀྱི་རྩེར་སོན་རྩོམ་པ་པོའི་སྐབས་དེ་དུས་ཀྱི་བསམ་ཚོད་ལས་རྦད་དེ་བརྒལ་ཡོད། དེ་དང་དུས་མཚུངས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལ་ལོ་བཅུ་ཕྲག་ཁ་ཤས་ཀྱི་ལག་ལེན་ལས་མེད་པ་དང་ད་དུང་ཐོག་མའི་དུས་མཚམས་སུ་གནས་ཡོད་པས་བྱ་གཞག་ཇི་ཙམ་འཕེལ་རྒྱས་ཕྱིན་ཚེ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དེ་ཙམ་གྱིས་མང་བས། ང་ཚོས་ལག་ལེན་ཁྲོད་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་རིགས་པའི་ལུགས་ཐད་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བ་བྱེད་དགོས།
         རིགས་པའི་གཞུང་ལུགས་གཏིང་ཚུགས་པོ་ཞིག་མེད་ན། གཞན་གྱིས་ཡི་རངས་བྱེད་དཀའ། ང་ཚོས་དེ་བས་ཆེ་བའི་མིག་རྒྱང་གི་ཐོག་ནས་མར་ཁེ་སི་རིང་ལུགས་དེང་རབས་འཕེལ་རྒྱས་ཀྱི་དོན་དངོས་ཀྱི་རྨང་གཞི་དང་ལག་ལེན་གྱི་དགོས་མཁོར་ཞིབ་ལྟ་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ང་ཚོས་སྒྲུབ་བཞིན་པའི་བྱ་བ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་ཀྱི་སྐད་སྒྲ་ཉན་ཏེ་མར་ཁེ་སི་རིང་ལུགས་དང་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་དེ་བས་གཏིང་ཟབ་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་དུས་རབས་21པའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ནས་དེ་བས་འོད་སྟོང་འཕྲོ་བའི་བདེན་དོན་གྱི་འོད་ཟེར་འཕྲོ་བ་བྱེད་དགོས།
         —— ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཆེད་འབད་འཐབ་བྱ་རྒྱུ་དེ་རང་ཉིད་ཀྱི་རྩ་འཛིན་དུ་གཏན་འཁེལ་བྱས་པ་བློ་ལ་བརྟན་པོར་ངེས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་བརྟན་དུ་བཏང་ནས་བླ་ན་མེད་པའི་ཕུགས་བསམ་ཆེད་འབད་འཐབ་བྱེད་པའི་རླབས་ཆེའི་ལག་ལེན་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
          གསར་བརྗེའི་ཕུགས་བསམ་ནམ་མཁའི་མཐའ་དང་མཉམ། ཀྲུང་གོ་གུང་ཁྲན་ཏང་ལ་གུང་ཁྲན་ཏང་ཟེར་དགོས་དོན་ནི་ཏང་བཙུགས་པའི་ཐོག་མའི་དུས་ནས་རང་རེའི་ཏང་གིས་གུང་ཁྲན་རིང་ལུགས་འདི་ཉིད་རང་རེའི་ཏང་གི་ཕུགས་བསམ་ཆེན་པོར་གཏན་འཁེལ་བྱས་པས་རེད། རང་རེའི་ཏང་འདི་ཉིད་ལ་བར་ཆད་རབ་དང་རིམ་པ་འཕྲད་ཀྱང་ཚང་མ་བསལ་ནས་དཔའ་ངར་ཆེན་པོས་ཡར་ལངས་ཐུབ་པ་དེ་ནི་མཐར་གཏུགས་ནས་བརྗོད་ན་རང་རེའི་ཏང་ལ་ཕུགས་བསམ་ཆེན་པོ་དང་བླ་ན་མེད་པའི་དོན་གཉེར་ལྡན་པས་ཡིན།
         "སེམས་ཐག་གཙང་མར་མ་བཅད་ན། དོན་དག་གང་ཡང་སྒྲུབ་མི་ཐུབ"ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་ནི་ཉེན་ཁ་ཆེ་ཤོས་ཀྱི་གཡོ་འགུལ་ཞིག་དང་ཕུགས་བསམ་དང་དད་སེམས་ཉམས་རྒུད་བྱུང་བ་ནི་ཉེན་ཁ་ཆེ་ཤོས་ཀྱི་ཉམས་རྒུད་ཅིག་ཡིན། སྲིད་ཏང་ཞིག་ལ་ཆ་མཚོན་ན། ཉམས་རྒུད་བྱུང་བ་ནི་ཕུགས་བསམ་དང་དད་སེམས་ཤོར་བའམ་ཡང་ན་ཤོར་འགོ་ཚུགས་པས་རེད། རང་རེའི་ཏང་འདི་ཉིད་ཞུམ་པ་མེད་ཅིང་སྟོབས་དང་ལྡན་པ་ཞིག་ཡིན་མིན་དེ་ཕུགས་བསམ་དང་དད་སེམས་ཐད་ཏང་ཡོངས་བློ་རྩ་བརྟན་མིན་ལ་ལྟ་དགོས་ལ། ཕུགས་བསམ་དང་དད་སེམས་ཐད་ལ་ཏང་ཡོན་ཚང་མ་བློ་རྩ་བརྟན་མིན་ལ་དེ་བས་ཀྱང་ལྟ་དགོས། 95ལོའི་ཚུན་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོས་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིའི་དཔའ་ངར་ཆེན་པོས་འབད་འཐབ་ལ་སྐུལ་མ་ཐེབས་ཡོད་ལ། སྔོན་གཤེགས་དཔའ་བོ་གྲངས་ལས་འདས་པས་ཕུགས་བསམ་དེའི་ཕྱིར་རྩ་ཆེའི་རང་སྲོག་བློས་བཏང་ཡོད། “བདེན་པ་རང་ལ་ཡོད་ན། སྐེ་གཅོད་ཀྱང་སྐྲག་མི་དགོས”“དགྲ་བོས་ང་ཚོའི་མགོ་བོ་བཅད་ཀྱང་ང་ཚོའི་དད་སེམས་ལ་རྩ་བ་ནས་གཡོ་འགུལ་གཏོང་མི་ཐུབ”ཅེས་པ་སོགས་ཀྱི་རང་སྲོག་དོར་བ་དང་དྲང་བདེན་ཆེད་ཞུམ་མེད་འཐབ་རྩོད་བྱེད་པའི་གསོན་ཉམས་དོད་པའི་དམ་བཅའ་དེ་དག་ལས་གུང་ཁྲན་ཏང་མིའི་ཕུགས་བསམ་ཆེན་པོའི་ཉམས་མེད་ཀྱི་བློ་སྟོབས་མངོན་ཡོད། ཕུགས་བསམ་ཀྱི་འོད་ཟེར་མི་ཉམས་ཚེ་དད་སེམས་ཀྱི་འོད་ཟེར་ཉམས་མི་སྲིད། ང་ཚོས་ངེས་པར་དུ་སྔོན་གཤེགས་དཔའ་བོ་ཚོའི་འདུན་པ་རྣམས་སེམས་སུ་བརྟན་པོར་ངེས་དགོས་པ་དང་ཁོང་ཚོས་ཕུགས་བསམ་ཆེན་པོའི་ཆེད་རང་སྲོག་བློས་བཏང་བ་ནམ་ཡང་བརྗེད་མི་རུང་།
          ཕུགས་བསམ་དེ་རྒྱང་རིང་གི་དམིགས་འབེན་ཡིན་པ་ལས་ཕུགས་བསམ་དུ་གྱུར། དད་སེམས་དེ་དོན་གཉེར་མཐའ་གཅིག་ཏུ་བྱས་པ་ལས་དད་སེམས་སུ་གྱུར། ང་ཚོས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དེ་བསམ་བློ་འཛུགས་སྐྱོང་གི་འཐབ་ཇུས་ལས་འགན་ཞིག་ཏུ་བརྩི་བ་དང་། ཕུགས་བསམ་དོན་གཉེར་ཐད་ཀྱི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པའི་བློ་བརྟན་གྱི་དད་ལྡན་པ་དང་རྣམ་པར་དག་པའི་ལག་ལེན་པ་ཞིག་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་ལོ་རྒྱུས་ལམ་བུའི་ཐོག་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
          རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་བྱུང་ན་ཆབ་སྲིད་ཐད་གཞི་ནས་བློ་རྩ་བརྟན་པོ་ཡོང་ཐུབ། ཕུགས་བསམ་དང་དད་སེམས་བརྟན་པོ་དེ་ངེས་པར་དུ་མར་ཁེ་སི་རིང་ལུགས་ལ་གོ་བ་གཏིང་ཟབ་ལེན་པའི་རྨང་གཞིའི་ཐོག་འཛུགས་དགོས་པ་དང་ལོ་རྒྱུས་ཀྱི་ཆོས་ཉིད་སྟངས་འཛིན་གཏིང་ཟབ་ཐུབ་པའི་ཐོག་འཛུགས་དགོས ཏང་ཡོངས་ཀྱིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་བྱེད་པ། མར་ཁེ་སི་རང་ལུགས་ཀྱི་བསམ་བློའི་གོ་རྟོགས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཕུགས་བསམ་ཆེན་པོ་དང་འབད་འཐབ་དམིགས་ཚད་ཀྱི་ངོས་འཛིན་ཁ་གསལ་དང་ཡང་འབད་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ཏང་གཤིས་བློ་སྦྱོང་དང་། བསམ་བློའི་བྱང་ཚད། ཀུན་སྤྱོད་ཆུ་ཚད་བཅས་མཐོ་རུ་གཏོང་བའི་བསམ་པའི་འཚོ་བཅུད་ཅིག་ཏུ་འགྱུར་བ་བྱས་ཏེ་དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་ཤེས་རྟོགས། དངོས་འབྲེལ་ཡིད་ཆེས། དངོས་འབྲེལ་སྤྱོད་པ་བཅས་ཐུབ་པ་བྱས་ཏེ་རྒྱལ་ཁ་དང་ལམ་ལྷོངས་བྱུང་བའི་སྐབས་སུ་སྤོབས་པ་དང་འཚབ་འཚུབ་བྱ་རྒྱུ་མེད་པ་དང་དཀའ་ངལ་དང་འགལ་རྐྱེན་འཕྲད་སྐབས་སེམས་ཤུགས་མི་ཉམས་པ་དང་གཡོ་འགུལ་མི་ཐེབས་པ་བྱས་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་བསམ་མངོན་འགྱུར་བྱེད་པའི་བདེན་སེམས་ཀྱི་མཐོ་གནོན་བཙན་ས་བརྟན་པོ་བཟུང་དགོས།
            —— ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་མཐའ་འཁྱོངས་དང་ཏང་གི་གཞི་རྩའི་ལམ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
          ཁ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་བྱེད་པ་དང་འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ཟགས་པ་ཞིག་མིན་པར་ཏང་དང་མི་དམངས་ཀྱིས་དཀའ་བ་དུ་མ་སྤྱད་པ་དང་བློས་གཏོང་ཆེན་པོ་ལས་བྱུང་བའི་རྩ་བའི་གྲུབ་འབྲས་ཤིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ང་ཚོས་ངེས་པར་དུ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་རླབས་ཆེན་བྱ་གཞག་ཅིག་ཡིན་ལ། ང་ཚོས་འབྱུང་འགྱུར་གཏོད་རྒྱུའི་རྩ་བའི་འགན་ལེན་ཞིག་ཀྱང་ཡིན།

【1】  【2】  【3】  【4】  【5】