མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
ཐོག་གི་གསུང་བཤད།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་06ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ཏང་ཡོངས་ཀྱིས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས། དེང་དུས་འཛམ་གླིང་དུ་སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་བཅས་ལ་གདེང་ཚོད་ཡོད་དམ་ཟེར་ན། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་བཅས་ལ་གདེང་ཚོད་ལྡན་པའི་རྒྱུ་མཚན་ཆེ་ཤོས་ཡོད་ཅེས་བརྗོད་ཆོག “གདེང་ཚོད་ལྡན་པའི་སྐྱེ་བོ་ལ། མི་སྒྲུབ་བྱ་བ་ཅི་ཡང་མེད”ཅེས་པའི་སྙིང་སྟོབས་ལྡན་ཚེ། ང་ཚོས་སྐྲག་སྣང་སྤུ་ཙམ་མེད་པར་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་བརྒལ་ཐུབ་པ་དང་བློ་བརྟན་འགྱུར་མེད་ངང་གནམ་ས་གསར་པ་དང་ངོ་མཚར་གསར་པ་གཏོད་ཐུབ།
          ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཞིག་དང་མི་དམངས་ལ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་ལྡོག་མེད་ཀྱི་འགྲོ་ལམ་ཞིག་ཡིན་པ་ཡིད་ཆེས་བརྟན་པོ་བྱེད་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་ཏང་དང་མི་དམངས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུར་ཁྲིད་སྟོན་བྱེད་པའི་ཡང་དག་པའི་རིགས་པའི་གཞུང་ལུགས་ཤིག་དང་དུས་རབས་ཀྱི་མདུན་གྲལ་དུ་གནས་པ་དང་དུས་བསྟུན་འཕེལ་རྒྱས་གཏོང་བའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་ཡིད་ཆེས་བརྟན་པོ་བྱེད་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་དེང་རབས་ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱེད་པའི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་ལྡན་པ། རང་ངོས་འཐུས་སྒོ་ཚང་དུ་གཏོང་བའི་ནུས་པ་ཆེན་པོ་ལྡན་པ་བཅས་ཀྱི་སྔོན་ཐོན་ལམ་ལུགས་ཤིག་ཡིན་པ་ཡིད་ཆེས་བརྟན་པོ་བྱེད་དགོས།
          རིག་གནས་ཀྱི་གདེང་ཚོད་ནི་དེ་བས་རྨང་གཞི་བརྟན་པ་དང་། དེ་བས་རྒྱ་ཁྱབ། དེ་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཅིག་ཡིན། ལོ་5000ལྷག་ཙམ་གྱི་ཤེས་དཔལ་འཕེལ་རྒྱས་ཁྲོད་དར་འཕེལ་བྱུང་བའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཏང་དང་མི་དམངས་ཀྱི་རླབས་ཆེན་འཐབ་རྩོད་ཁྲོད་དར་འཕེལ་བྱུང་བའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་ཟབ་ཤོས་ཀྱི་བསམ་པའི་དོན་གཉེར་ལྡན་ཡོད་ལ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཀྱང་མཚོན་གྱི་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱས་པའི་མི་རིགས་ཀྱི་སྙིང་སྟོབས། སྒྱུར་བཅོས་གསར་གཏོད་ལྟེ་བར་བྱས་པའི་དུས་རབས་ཀྱི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
         ང་ཚོས་བསྐྲུན་རྒྱུ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡིན་པ་ལས་རིང་ལུགས་གཞན་དག་མིན་པ་ཏང་ཡོངས་ཀྱི་བློ་མཐུན་ཚང་མས་བློ་ལ་བརྟན་པོར་ངེས་དགོས། ལོ་རྒྱུས་མཇུག་འགྲིལ་བའི་དུས་མེད་ལ་མཇུག་ཀྱང་འགྲིལ་མི་སྲིད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡིན་མིན་དེ་དོན་དངོས་ལ་ལྟ་དགོས་པ་དང་ཀྲུང་གོ་མི་དམངས་ཀྱི་བརྡར་ཤ་གཅོད་པར་བལྟ་དགོས་པ་ལས་མཐོང་ཕྱོགས་ཀྱི་ལྟ་སྟངས་འཛིན་མཁན་ཚོའི་རང་སྣང་གི་འོལ་ཚོད་ལ་ལྟ་མི་རུང་། ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོ་མི་དམངས་ཀྱིས་མིའི་རིགས་ལ་དེ་བས་ལེགས་པའི་སྤྱི་ཚོགས་ལམ་ལུགས་ཤིག་འཚོལ་ཞིབ་བྱ་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད།
         བློ་མཐུན་ཏེང་ཞའོ་ཕིང་གིས་ཐུགས་བཟང་ཚིག་ནན་ངང“གཞི་རྩའི་ལམ་ཕྱོགས་ཀྱིས་ལོ་བརྒྱ་དོ་དམ་ཐུབ་པ་བྱེད་དགོས་པ་ལས་གཡོ་འགུལ་གཏོང་མི་རུང་། ལམ་ཕྱོགས་དེ་མཐའ་འཁྱོངས་ཐུབ་ཚེ། གཞི་ནས་མི་དམངས་ཀྱིས་ཁྱེད་ལ་ཡིད་ཆེས་དང་བརྩི་བཀུར་བྱ་སྲིད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལ་སུས་སྒྱུར་བ་བཏང་ནའང་མི་སེར་ཚོས་ཁས་ལེན་མི་སྲིད་ལ། གཏོར་ཕམ་གཏོང་སྲིད”ཅེས་གསུང་མྱོང་ཡོད། ཏང་གི་གཞི་རྩའི་ལམ་ཕྱོགས་ནི་རྒྱལ་ཁབ་ཀྱི་སྲོག་རྩ་ལྟ་བུ་དང་མི་དམངས་ཀྱི་བདེ་སྐྱིད་འབྱུང་ས་ཞིག་ཡིན་པས། ང་ཚོས་དཔལ་འབྱོར་འཛུཌ་སྐྲུན་ལྟེ་བར་བྱེད་པ་རྒྱལ་ཁབ་དར་བའི་རྩ་བར་རྩི་བ་དང་། རྩ་བའི་རྩ་དོན་བཞི་རྒྱལ་ཁབ་འཛུཌ་པའི་རྩ་བར་རྩི་བ། སྒྱུར་བཅོས་སྒོ་དབྱེ་རྒྱལ་སྟོབས་ཀྱི་ལམ་བུར་རྩི་བ་བཅས་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་།
         ——ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་ལ་མཐའ་འཁྱོངས་བྱེད་པར། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
          ད་ལྟའི་དུས་མཚམས་སུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ནི། 2020ལོར་སླེབས་སྐབས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་སྐབས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་100འཁོར་སྐབས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བཞག་པའི་བརྗིད་ཆེའི་དམ་བཅའ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་ཐུན་མོང་གི་རེ་སྒུག་ཅིག་ཀྱང་རེད། དམིགས་ཚད་དེ་མངོན་འགྱུར་ཡོང་ཆེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ཆགས་པར་བྱས་པ་དང་འབྲེལ། སྐུལ་འདེད་ཧུར་ཐག་བཏང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ཆགས་པར་བྱས་པ་དང་འབྲེལ། སྐུལ་འདེད་ཧུར་ཐག་བཏང་ཡོད། “ཕྱོགས་ལྔ་གཞི་གཅིག”དང“ཕྱོགས་ཡོངས་བཞི”ཕན་ཚུན་སྐུལ་འདེད་དང་སྤྱི་འདོམས་མཉམ་འགུལ་བྱེད་དགོས་ན། མཐུན་སྦྱོར་དང་ལག་བསྟར་ཡག་པོ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་དང་། དམངས་གཙོ་ཆབ་སྲིད། སྔོན་ཐོན་རིག་གནས། སྣོད་བཅུད་ཤེས་དཔལ། ཞི་མཐུན་སྤྱི་ཚོགས་བཅས་བསྐྲུན་ནས་མི་དམངས་འབྱོར་ཕྱུག་དང་། རྒྱལ་ཁབ་སྟོབས་འབྱོར། ཀྲུང་གོ་མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།
          འཕེལ་རྒྱས་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་དང་ཀྲུང་གོའི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་རེད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་སྔར་བཞིན་གནས་རྒྱུ་མ་ཟད་ཡུན་རིང་གནས་རྒྱུའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་མེད་པ་དང་། མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་ཟླར་འགྱུར་ལྡོག་ཕྱིན་མེད་པ། རང་རྒྱལ་འཛམ་གླིང་ཐོག་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཕྱིན་མེད། དེ་ནི་ང་ཚོས་འཕེལ་རྒྱས་གཏོང་སྟངས་ཇུས་འགོད་བྱེད་པའི་རྩ་བའི་གཞི་འཛིན་ས་ཞིག་རེད།
          ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཕྱོགས་སྒྱུར་དུས་སུ་སླེབས་པ། འཛམ་གླིང་ཚན་རྩལ་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་ཡོང་ཐབས་བྱེད་པའི་འཕེལ་རྒྱས་ཀྱི་བཀོད་པ་བཅས་ཀྱི་མདུན་དུ། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་ལེགས་སྒྲིག འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་བཅས་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ལ་དེ་བས་ཕན་འབྲས་ཐོན་པ་དང་། དེ་བས་སྤུས་ཚད་ལྡན་པ། དེ་བས་གཞུང་དྲང། དེ་བས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུ་བཅས་ལ་སྐུལ་འདེད་བཏང་ནས་གསར་གཏོད་གོང་དུ་བཀུར་བ་དང་། མཐུན་སྦྱོར་ལ་སྣང་ཆེན། ལྗང་མདོག་སྲོལ་གཏོད། སྒོ་དབྱེ་ཟབ་གཏོད། མཉམ་སྤྱོད་ལ་སྐུལ་འདེད་བཅས་ཀྱི་ལམ་སྲོལ་དང་ཁོར་ཡུག་ཅིག་གང་མགྱོགས་ཆགས་པར་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
          ——ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་ལ་མཐའ་འཁྱོངས་བྱེད་པར་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཕོད་པ་བྱེད་པ་དང་། བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་འཕེལ་བ་བཅས་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་ལས་དོན་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
          སྒྱུར་བཅོས་སྒོ་དབྱེ་ནི་དེང་སྐབས་ཀྲུང་གོའི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་ཡིན་ལ་རང་རེའི་ཏང་གི་ལོ་རྒྱུས་དུས་སྐབས་གསར་པའི་མངོན་གསལ་དོད་ཤོས་ཀྱི་དར་ཆ་ཞིག་ཀྱང་རེད། སྒྱུར་བཅོས་སྒོ་དབྱེ་ནི་དེང་སྐབས་ཀྲུང་གོའི་ལས་སྐལ་གང་བྱུང་མིན་གྱི་འགག་རྩའི་གདམ་ག་ཞིག་ཡིན་ལ་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་རེད།
          སྒྱུར་བཅོས་བྱེད་དགོས་ཚེ་ངེས་པར་དུ་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། བཀག་སྡོམ་མཁྲེགས་འགྱུར་གྱི་ལམ་རྙིང་པར་སྐྱོད་མི་རུང་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་དེ་བས་ཀྱང་བསྐྱོད་མི་རུང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་རྒྱུ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་དུ་འཛིན་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། དེ་བཞིན་ཕྱོགས་གཞན་གྱི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་ཕོད་པ་བྱས་ནས་ལམ་ལུགས་སྔར་བས་འཐུས་ཚང་དང་གཏན་འཁེལ་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་སྔར་བས་ཆེ་རུ་འགྲོ་བ། བཅོས་སྐྱོང་གི་ཆུ་ཚད་སྔར་བས་ཆེ་རུ་འགྲོ་བ། མི་དམངས་ཀྱི་ཐོབ་སེམས་སྔར་བས་ཆེ་རུ་འགྲོ་བ་བཅས་བྱེད་དགོས།
           ང་ཚོས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་སྒྲིག་སྲོལ་དང་། ཆབ་སྲིད་སྒྲིག་སྲོལ། རིག་གནས་སྒྲིག་སྲོལ། སྤྱི་ཚོགས་སྒྲིག་སྲོལ། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ། ཏང་འཛུགས་སྐྱོང་གི་ལམ་ལུགས་བཅས་ཀྱི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས།
           སྒྱུར་བཅོས་ནི་རྟག་ཏུ་སླ་བ་ནས་དཀའ་བའི་བར་རེད། ང་ཚོས་སྒྱུར་བཅོས་བྱེད་པར་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་ལས་རང་བཞིན་བཅས་ལ་དེ་བས་སྣང་ཆེན་བྱས་ནས་རྙོག་འཛིང་ཆེ་སར་སྐྱོད་ཕོད་པ་དང་མཁྲེགས་ས་གཏུག་ཕོད་པ་བྱེད་དགོས། ང་ཚོས་རང་ངོས་གསར་བརྗེ་བྱེད་པའི་བློ་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཕོད་པ་དང་། ལོ་མང་ཐག་གཅོད་མི་ཐུབ་པའི་གནད་དོན་ཆེན་པོ་ཐག་གཅོད་བྱེད་ཕོད་པ། གདིང་རྩའི་ཁེ་ཕན་དང་འབྲེལ་བའི་འབྲེལ་བ་དང་འགལ་ཟླར་གཏུག་ཕོད་པ་བཅས་བྱས་ནས་བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་མཐའ་གཅིག་ཏུ་སྒྲོལ་དགོས་པ་དང་། ཁེ་ཕན་སྲ་འགྱུར་གྱི་དབྱེ་མཚམས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བར་ཚོད་འཛིན་ཕོག་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་མཐའ་གཅིག་ཏུ་སེལ་དགོས།
          སྒྱུར་བཅོས་དང་ཁྲིམས་སྐྱོང་ནི་འདབ་ཆགས་ཀྱི་གཤོག་ཟུང་དང་རླངས་འཁོར་གྱི་འཁོར་ལོ་ལྟ་བུ་རེད། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཅིག་གང་མགྱོགས་གཏོད་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་སྐྲུན་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྲོག་ཤིང་ནི་ཏང་གིས་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་དམ་ཚགས་ཐུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་རེད། འགག་རྩ་དེ་ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་བྱ་རྒྱུ་དང་། ཁྲིམས་བསྟར་ལ་འགན་ལེན་བྱ་རྒྱུ། ཁྲིམས་འཛིན་ལ་རྒྱབ་སྐྱོར་བྱ་རྒྱུ། སྣེ་ཁྲིད་ནས་ཁྲིམས་བསྲུང་རྒྱུ་བཅས་མཐའ་འཁྱོངས་བྱ་རྒྱུར་ཐུག་ཡོད། སྤྱི་ཚོགས་ཡོངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ཁྱབ་པ་བྱེད་དགོས་པ་དང་། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་དགོས། རྩ་འཛུགས་དང་མི་སྒེར་སུ་འདྲ་ཡིན་རུང་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བ་ལས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་དབང་ཆ་ལྡན་མི་རུང་།
          ——ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་ལ་མཐའ་འཁྱོངས་བྱེད་པར་ཏང་གི་རྩ་བ་མི་དམངས་དང་ཏང་གི་སྟོབས་ཤུགས་མི་དམངས་ལ་ཐུག་པའི་ཡིད་ཆེས་བརྟན་པོ་དང་། མཐའ་དག་དམངས་ཀྱི་ཆེད་དུ་ཡིན་པ་དང་མཐའ་དག་མི་དམངས་ལ་བརྟེན་པ་མཐའ་འཁྱོངས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བཅས་བྱས་ནས་མི་དམངས་ལ་ཕན་པ་སྐྲུན་པའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
          མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་ལ་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་སྲིད་ཏང་གཞན་དང་དབྱེ་བ་འབྱེད་པའི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཀྱང་རེད། ཏང་གིས་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ཤི་མཉམ་གསོན་བྱེད་ཀྱི་ཡོད། དེས་ན་ཐོག་མཐའ་བར་གསུམ་དུ་ཤ་རུས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་གི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་རྩ་བའི་འགན་ལེན་ཞིག་རེད། དེ“དམངས་སེམས་ཐོབ་ན་རྒྱལ་ཁབ་ཐོབ་པ་དང་། དམངས་སེམས་ཤོར་ན་རྒྱལ་ཁབ་སྟོངས”ཟེར་བ་ལྟར་རེད།
          ཏང་ཡོངས་ཀྱི་བློ་མཐུན་གྱིས་མི་དམངས་སེམས་ནང་གི་གནས་བབ་གལ་ཆེ་ཤོས་སུ་བཞག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དགོངས་དོན་མཐའ་འཁྱོངས་བྱས་ཏེ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་དགོས། མི་དམངས་ཀྱི་བརྩི་བཀུར་ཐོབ་མིན་དང་། བསྔགས་བརྗོད་ཐོབ་མིན། དགའ་པོ་བྱེད་མིན། ཁས་ལེན་མིན་བཅས་ལས་དོན་མཐའ་དག་གི་ཐོབ་ཤོར་ཚད་འཇལ་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ནས་རང་རེའི་ཏང་ལ་སྔ་ཕྱི་བར་གསུམ་དུ་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡོད་པ་བྱེད་དགོས།
           མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་གཏོད་བྱ་རྒྱུ་ནི་རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་འབད་འཐབ་དམིགས་ཚད་ཅིག་རེད། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་ཡོང་རེ་བྱེད་པའི་མི་དམངས་མང་ཚོགས་ཀྱི་བློ་ཕྱོགས་དང་བསྟུན་པ་དང་། མི་དམངས་ལྟེ་བར་བྱས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་གཏོང་བ། ཡོང་འབབ་བགོ་བཤའ་དང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། མི་དམངས་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་གཏོང་བའི་དབང་ཆ་འགན་ལེན་བཅས་བྱས་ནས་་མི་དམངས་ཡོངས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མང་བ་དང་སྔར་བས་དྲང་སྙོམས་ངང་ཐོབ་པ་བྱེད་དགོས་པ་དང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡོང་བ་བྱེད་དགོས།

【1】  【2】  【3】  【4】  【5】