མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
ཐོག་གི་གསུང་བཤད།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་06ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་ཀྱི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱ་རྒྱུ་དང་མི་དམངས་ལ་རང་ཐག་རང་གཅོད་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་རང་རེའི་ཏང་གི་འགྱུར་མེད་འདོད་ཚུལ་ཞིག་རེད། ང་ཚོས་གཡོ་འགུལ་སྤུ་ཙམ་མི་གཏོང་བའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་བཅས་ཡུན་རིང་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ལག་བསྟར། འཕེལ་རྒྱས་ཟམ་མི་ཆད་པར་གཏོང་བ་བཅས་བྱས་ཁར་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མི་དམངས་མང་ཚོགས་སྒྲིག་ལམ་ཡོད་པའི་སྒོ་ནས་ཆབ་སྲིད་ཁྲོད་ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ནང་མི་དམངས་རྒྱ་ཁྱབ་ངང་ཞུགས་ཐུབ་པའི་འགན་ལེན་བཅས་བྱས་ནས་གསོན་ཉམས་དོད་པ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་ཀྱི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
          “བྱས་རྗེས་ནི་ནུས་པ་ལ་བརྟེན་ནས་བྱུང་། བྱ་གཞག་ནི་འཇོན་ཐང་ལ་བརྟེན་ནས་འཕེལ” ཏང་དང་མི་དམངས་ཀྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བར་ཕྱོགས་ཁག་གི་ཤེས་ལྡན་པ་བཀོལ་སྤྱོད་དེ་བས་ཡག་པོ་བྱེད་དགོས་ལ་གནམ་འོག་གི་འཇོན་ཐང་ཅན་རྣམས་ཀྱི་བློ་གྲོས་ཀྱང་གཅིག་ཏུ་བསྡུ་དགོས། ང་ཚོས་འཇོན་ཐང་ཅན་ཤེས་རྟོགས་ཐུབ་པའི་རྣམ་དཔྱོད་ཀྱི་མིག་དང་། འཇོན་ཐང་ཅན་ལ་དགའ་ཞེན་བྱེད་པའི་ལྷག་བསམ། འཇོན་ཐང་ཅན་སྤྱོད་པའི་བློ་གཤོག འཇོན་ཐང་ཅན་ལ་བསྟུན་མཁས་བྱེད་པའི་བློ་སྟོབས། འཇོན་ཐང་ཅན་གཅིག་སྡུད་བྱེད་པའི་ཐབས་མཆོག་བཅས་ལ་བརྟེན་ནས་འཇོན་ཐང་ཅན་ཚུར་འགུག་བྱེད་པའི་ཡངས་པའི་ལམ་བུ་བཏོད་དེ་ཏང་ནང་ཁུལ་དང་། ཏང་ཕྱི་རོལ། རྒྱལ་ནང་། རྒྱལ་ཕྱི་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་པ་ཚུར་འགུག་དང་གཅིག་སྡུད་བྱས་ཏེ་མི་ཚང་མས་འཇོན་ཐང་ཅན་དུ་འགྱུར་འདོད་བྱེད་པ་དང་། མི་ཚང་མས་འཇོན་ཐང་ཅན་དུ་འགྱུར་ཐབས་བྱེད་པ། མི་ཚང་མ་འཇོན་ཐང་ཅན་དུ་འགྱུར་སྲིད་པ། མི་ཚང་མས་རང་ཉིད་ཀྱི་འཇོན་ཐང་འདོན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས།
         ——ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་ལ་མཐའ་འཁྱོངས་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་བ། རྒྱལ་ཁབ་ཁག་དང་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
          མིའི་རིགས་ལ་རྒྱུན་ཆད་མེད་པར་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་སྔ་ས་ནས་བཞག་པའི་སྒམ་བརླིང་ལྡན་པའི་དམ་བཅའ་ཞིག་རེད། དཀའ་སྡུག་དུ་མ་བརྒྱུད་མྱོང་བའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཞི་བདེ་ནི་རྩ་ཆེ་བ་དང་འཕེལ་རྒྱས་ནི་རིན་ཐང་ཆེན་པོ་ལྡན་པ་གཏིང་ཟབ་རྟོགས་ནས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་ཉིད་ཀྱི་བླ་ན་མེད་པའི་འགན་འཁྲིར་རྩི་ཡི་ཡོད།
         ད་ལྟའི་མིའི་རིགས་ཞི་བདེ་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྔོན་ཆད་ཀྱི་དུས་ཚོད་ཅི་འདྲ་ཞིག་ལས་ཀྱང་ཆ་རྐྱེན་དེ་བས་ཡག་པ་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ཏེ་གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་བ་དང་ཉམས་ཉེན་གསོན་ཤུགས་སུ་བསྒྱུར་ནས་མཉམ་ལས་ཀྱིས་ཁ་གཏད་ཀྱི་ཚབ་དང་གཉིས་ཁེས་སྒེར་བཟུང་གི་ཚབ་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཅི་འདྲ་ཞིག་འཛམ་གླིང་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ངོས་ནས་བརྗོད་ན་ཡག་པོ་ཞིག་ཡིན་མིན་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གྲོས་བསྡུར་བྱེད་པ་ལས། རྒྱལ་ཁབ་གཅིག་གིས་བཤད་པར་ཆ་འཇོག་བྱ་མི་རུང་ལ་མི་ཉུང་ཤས་ཀྱིས་བཤད་པར་ཆ་འཇོག་ཀྱང་བྱ་མི་རུང་། ཀྲུང་གོས་གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་ཏེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་ཆེད། ཀྲུང་གོའི་བློ་གྲོས་སྐྱེས་སུ་འབུལ་རྒྱུ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།
          ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་ཡུལ་ནི་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། སྔ་བར་ཕྱི་གསུམ་དུ་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་ལེགས་སྐྱེས་པ། རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་པ་བཅས་ཡིན་པའི་ཀྲུང་གོས་རྒྱལ་ཁབ་ཁག་དང་ཁེ་ཕན་མཉམ་འདྲེས་བྱ་ཡུལ་རྒྱ་ཆེར་བཏང་ནས་མཉམ་ལས་གཉིས་ཁེ་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཆགས་རྒྱུར་སྐུལ་འདེད་གཏོང་འདོད་ཀྱང་ཡོད།
          ཀྲུང་གོས་རང་ཚུགས་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག རྒྱལ་ཁབ་ཡོངས་རྫོགས་དང་མཛའ་མཐུན་མཉམ་ལས་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ལག་ལེན་བསྟར་ཏེ་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”སོགས་རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་གལ་ཆེན་ནང་དེ་བས་ཆ་ཚང་བ་དང་། དེ་བས་གཏིང་ཟབ་པ། དེ་བས་སྣ་ཁ་མང་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་བཏོད་དང་གཏོད་བཞིན་ཡོད།
          ཀྲུང་གོ་འཕེལ་རྒྱས་བྱུང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལས་བྱུང་བ་ཞིག་ཡིན་པ་ཀྲུང་གོ་མི་དམངས་ཀྱིས་གསལ་པོ་ཤེས་ཀྱི་ཡོད། དེས་ན་རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་སྤྱིའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེ་ནི་ཀྲུང་གོ་གཅིག་པུའི་བྱ་བ་ཞིག་མིན་པར། ཕྱོགས་ཁག་མཉམ་དུ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཤིག་ཡོང་ཐབས་བྱ་རྒྱུ་མིན་པར། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ། རང་ཉིད་གཅིག་པུར་དབང་བའི་བདེ་བའི་གནས་ཤིག་གཏོད་རྒྱུ་མིན་པར། རྒྱལ་ཁབ་ཁག་ལ་ཐུན་མོང་ཐོག་དབང་བའི་བདེ་བའི་གནས་ཤིག་གཏོད་རྒྱུ་ཡིན་པ་བཅས་རེད།
         ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དར་སྤེལ་གཏོང་བ་དང་འཇམ་འཐབ་བསམ་གཞི་སོགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་ཆེ་ཆུང་དང་། སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་ལ་མི་བལྟོས་པར་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་ཞིང་། འཕེལ་རྒྱས་འགྲོ་ལམ་རང་བརྟེན་གདམ་ག་བྱེད་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་དབང་ཆར་བརྩི་འཇོག་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། རང་ཉིད་ཀྱི་འདོད་འདུན་གཞན་ལ་སྐུལ་རྒྱུར་ངོ་རྒོལ། རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ། བཙན་པོས་ཉམ་ཆུང་ལ་བརྙས་རྒྱུར་ངོ་རྒོལ་བཅས་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་གཞན་དག་གི་ཁེ་དབང་ལ་ཧམ་སེམས་མི་འཆང་བ་དང་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་ཕྲག་དོག་བྱེད་ཀྱི་མེད་ནའང་། ང་ཚོའི་ལུགས་མཐུན་ཁེ་དབང་གཏན་ནས་འདོར་མི་སྲིད། ཀྲུང་གོ་མི་དམངས་ཀྱིས་གདོན་འདྲེར་ཡིད་ཆེས་མི་བྱེད་ལ་དེར་མི་སྐྲག་པ་དང་རྙོག་དྲ་བཟོ་གི་མེད་ལ་རྙོག་དྲར་སྐྲག་གི་མེད་པས། ཕྱིའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་ང་ཚོས་རང་ཉིད་ཀྱི་སྲོག་ཤིང་ཁེ་ཕན་ཁྱེར་ནས་གཞན་དང་བརྗེ་ཚོང་བྱ་རྒྱུ་དང་ང་ཚོས་རང་རྒྱལ་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་གནོད་པའི་མཇུག་འབྲས་ངན་པ་ཁྱད་བཟོད་བྱ་རྒྱུའི་རེ་བ་འཆང་མི་ཉན། དེ་བཅངས་ན་སྟོང་བསམ་རང་རེད།
         རང་ཚུགས་རང་བདག་དང་། རྦད་དེ་འདྲ་མཉམ། ཕན་ཚུན་བརྩི་འཇོག ཕན་ཚུན་ནང་ཁུལ་གྱི་བྱ་བར་ཐེ་ཇུས་མི་བྱེད་པ་བཅས་ཀྱི་རྩ་དོན་གྱི་རྨང་གཞིའི་ཐོག ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་ས་ཁུལ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ་སྤེལ་རེས་མཉམ་ལས་བྱས་ནས་རྒྱལ་ཁབ་ཁག་གི་འབྲེལ་བ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན།
         ——ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་ལ་མཐའ་འཁྱོངས་བྱེད་པར་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། སྲིད་འཛིན་ནུས་པ་ཆེ་རུ་གཏོང་བ། འགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཉེན་ཁ་སྔོན་འགོག་དང་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་རླབས་ཆེའི་འདུ་འགོད་གསར་པ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
           ཀྲུང་གོའི་བྱ་བ་ལེགས་པར་སྒྲུབ་པར་འགག་རྩ་ཏང་ལ་ཐུག་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རེད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ས་དང་སྲོག་རྩ་གནས་ས་ཞིག་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ཁེ་ཕན་གནས་ས་དང་བདེ་སྐྱིད་འབྱུང་ས་རེད།
           རང་རེའི་ཏང་ནི་ཏང་ཡོན་ཁྲི་8800ལྷག་ཙམ་དང་ཏང་རྩ་འཛུགས་ཁྲི་440ལྷག་ཙམ་ཡོད་པའི་ཏང་ཞིག་ཡིན་པ་དང་མི་འབོར་དུང་ཕྱུར་13ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོའི་ཡུན་རིང་སྲིད་འཛིན་ཏང་ཞིག་ཡིན་པའི་ཆ་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་དང་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་དུས་མཚམས་གང་ཞིག་ཏུ་སླེབས་ཚེ་ཏང་འཛུགས་སྐྱོང་དུས་མཚམས་དེ་འདྲ་ཞིག་ཏུ་སླེབས་པ་བྱེད་དགོས། དེ་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ངེས་པར་དུ་ཁོང་དུ་ཆུད་པ་བྱེད་དགོས་པའི་གཞི་རྩའི་ཆོས་ཉིད་ཅིག་རེད།
           སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ངོ་བོའི་ཁོངས་གཏོགས་ཤིག་ཡིན་པས། ང་ཚོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་སྔོན་ཐོན་རང་བཞིན་ཉམས་ཞན་དུ་གཏོང་བ་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་བཟོ་བའི་གནད་དོན་མཐའ་དག་དང་འཐབ་རྩོད་བྱས་ནས་ཚུལ་མིན་སྤྱོད་ཚུལ་ཐག་གཅོད་དང་སྤྱོད་གཙང་དར་སྤེལ་གཏོང་དགོས། ཏང་ཡོངས་ཀྱིས་རང་ངོས་གསར་བརྗེའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཏང་རང་ངོས་ལ་གནས་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་ནུས་ལྡན་བྱས་ནས་ཏང་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་འཇོན་ཐང་ཆེར་གཏོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ“ཚོད་བགམ་ཆེན་པོ་བཞི”ཐེག་པ་དང“ཉེན་ཁ་རིགས་བཞི”ཁྱད་བསད་བྱས་ཐོག ཏང་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས།
           རྒྱལ་ཁབ་སྐྱོང་བར་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་སྐྱོང་བར་ངེས་པར་དུ་ནན་པོས་སྐྱོང་དགོས། གལ་ཏེ་ཏང་ལ་དོ་དམ་བྱེད་ཤུགས་མི་འདང་བ་དང་ཏང་ནན་པོས་མ་བསྐྱངས་ཚེ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་ཏང་ནང་ཁུལ་གྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་མ་ཐུབ་པས། རང་རེའི་ཏང་དུས་ཚོད་སྔ་ཕྱི་མ་གཏོགས་སྲིད་འཛིན་གྱི་ཐོབ་ཐང་ཤོར་ངེས་ཡིན་ལ་ལོ་རྒྱུས་ཀྱིས་འདོར་རྒྱུ་ལས་ཀྱང་གཡོལ་ཐབས་མེད། ཏང་ལ་དོ་དམ་བྱེད་པ་དང་ཏང་སྐྱོང་བར་ངེས་པར་དུ་ཚད་གཞི་ནན་པོ་ཨང་དང་པོར་བཞག་སྟེ་ནན་པོའི་བླང་བྱ་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ནས་དོ་དམ་ངོ་མ་དང་ནན་པོ་དང་། དོ་དམ་ཕོད་པ་དང་ནན་པོ། དོ་དམ་ཡུན་རིང་དང་ནན་པོ་བཅས་ཐུབ་པ་བྱེད་དགོས།
           ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྨང་གཞི་ཞིག་རེད། ཏང་གིས་ཏང་ལ་དོ་དམ་བྱེད་པར་ཐོག་མར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་དོ་དམ་བྱེད་པ་ནས་འགོ་འཛུགས་དགོས་པ་དང་། ཏང་ནན་པོས་སྐྱོང་བར་ཐོག་མར་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ནན་པོ་བྱེད་པ་ནས་འགོ་འཛུགས་དགོས། ང་ཚོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་བ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་ཆེ་རུ་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་ཕྱོགས་ཡོངས་ནས་དྭངས་གཙང་ཡོང་བ་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཏང་གི་སེམས་ཁྲལ་སེལ་རོགས་བྱེད་པ། ཏང་གི་ཆེད་དུ་འགན་འཁུར་ཕོད་པ། ཏང་གི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཏན་ཏིག་ཐུབ་པ་བྱེད་དགོས།

【1】  【2】  【3】  【4】  【5】