མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་
ཐོག་གི་གསུང་བཤད།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་06ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ཏང་གི་སྤྱོད་ཚུལ་ནི་ཏང་གི་གཟུགས་བརྙན་ལྟ་བུ་ཡིན་ཞིང་། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དང་དེ་བཞིན་བློ་གཏད་ཕྱོགས་མིན་ལ་ལྟ་ཞིབ་བྱེད་པའི་ཚད་གཞི་ལྟ་བུ་རེད། ཏང་གི་སྤྱོད་ཚུལ་ལེགས་པོ་དང་མི་དམངས་ཀྱི་བསམ་བློ་སྤྲོ་སྣང་ལྡན་པ་ཞིག་བྱུང་ཚེ་གཞི་ནས་ཏང་དང་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ། དོ་དམ་ངོ་མ་དང་། དོ་དམ་ནན་པོ། དོ་དམ་བྱེད་ཕོད་པ། ནན་པོ་བྱེད་ཕོད་པ་བཅས་བྱས་ཚེ་ཏང་སྲོལ་འཛུགས་སྐྱོང་ལ་ཐག་གཅོད་མི་ཐུབ་པའི་གནད་དོན་མེད་པ་ལག་ལེན་ནས་ར་འཕྲོད་ཐུབ་ཡོད། སྤྱོད་ཚུལ་འཛུགས་སྐྱོང་བྱས་དང་བྱེད་མུས་རེད། “རང་སྐྱོན་མ་བརྟག་ཚེ་གཞན་སྐྱོན་ཇི་ལྟར་སེལ”ཞེས་པ་ལྟར་ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་ནས་དམ་འཛིན་དང་མཐོ་རིམ་ལས་བྱེད་པ་ནས་དམ་འཛིན་བྱེད་འགོ་བཙུགས་ཏེ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་མཐའ་འཁྱོངས་དང་དར་སྤེལ་གཏོང་བ། རྒྱུན་དུ་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། ཡུན་རིང་དམ་འཛིན་བཅས་མཐའ་འཁྱོངས། ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ཐོག་མཐའ་བར་གསུམ་དུ་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱེད་ཐུབ་པའི་འགན་ལེན་བྱེད་དགོས།
          སྲིད་འཛིན་ཏང་ཡིན་པའི་རང་རེའི་ཏང་ལ་འཕྲད་པའི་ཉེན་ཁ་ཆེ་ཤོས་ནི་རུལ་སུངས་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས“སྟག་སྦྲང་མཉམ་རྡུང”ལ་མཐའ་འཁྱོངས་བྱས་པ་བརྒྱུད། རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་ཐུབ་པ་དང་། རུལ་སུངས་བྱེད་མི་ཐུབ་པ་དང་རུལ་སུངས་བྱེད་མི་འདོད་པའི་ཕན་ནུས་རགས་ཙམ་ཐོན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྣམ་པ་ཞིག་ཆགས་བཞིན་ཡོད། རུལ་རྒོལ་གཙང་སྤེལ་དང་རུལ་སུངས་ལ་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པར་ངེས་པར་དུ་ཉེན་བརྡ་ཡུན་རིང་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་དབང་ཆའི་ལྟ་བ་བརྟན་པོར་འཛུགས་པ་དང་། བླ་ན་མེད་པའི་སྙིང་སྟོབས་འཕེལ་བ་བྱ་རྒྱུ་མཐའ་འཁྱོངས། མི་དམངས་དང་། རྩ་འཛུགས། ཁྲིམས་སྲོལ་བཅས་ལ་གུས་ཤིང་སྐྲག་པ་བཅས་ཀྱི་གཞུང་དྲང་དང་། ཁྲིམས་ལྟར། དམངས་ཆེད། སྤྱོད་གཙང་བཅས་ཀྱི་སྒོ་ནས་དབང་ཆ་སྤྱོད་ཐུབ་པ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པར་བྱེད་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། ང་ཚོས་འགྱུར་མེད་བློ་སྟོབས་ལ་བརྟེན་པ་དང་། ཐར་པར་མི་གཏོང་བའི་རྣམ་པར་འགྱུར་ལྡོག་མི་གཏོང་བ་མཐའ་འཁྱོངས་བྱེད་པ། གྱོད་གཞི་ཐོན་ཚེ་ངེས་པར་དུ་རྩད་གཅོད་ཐུབ་པ་དང་རུལ་སུངས་གནད་དོན་ཐོན་ཚེ་ངེས་པར་དུ་ཆད་གཅོད་ནན་པོ་ཐུབ་པ་བཅས་བྱས་ནས་རུལ་སུངས་ཤོག་ཁག་ཏང་ནང་ཁུལ་དུ་ཡིབ་ས་གཅིག་ཀྱང་མེད་པ་བཟོ་དགོས།
          རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་བརྗིད་ཆེའི་བྱ་གཞག་སྒྲུབ་པར་བྱང་ཚད་མཐོ་བའི་ལས་བྱེད་པ་དགོས། ང་ཚོས་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་བཟང་ལ་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་གཞག་བྱ་རྒྱུ་མཐའ་འཁྱོངས། བྱ་གཞག་ཐམས་ཅད་ལས་ལྷག་པར་བརྩི་རྒྱུ་དང་གཞུང་དྲང་ཚུལ་ལྡན་ཡོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། དེ་དང་ཆབས་ཅིག་མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་སྔོན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ནས་ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་ཡག་པོ་གསོ་སྐྱོང་ཞིབ་ཚགས་ཐུབ་པ་དང་། དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ། བེད་སྤྱོད་ལུགས་མཐུན་ཐུབ་པ་བཅས་བྱེད་དགོས།
          ཀུན་སྤྱོད་ལ་བརྟེན་ནས་རང་གཅུན་ནན་པོ་དང་། ཀུན་སྤྱོད་ལ་བརྟེན་ནས་དབང་གྲགས་འཕེལ་བ། ཀུན་སྤྱོད་ལ་བརྟེན་ནས་དམངས་ཀྱི་བློ་སེམས་འགུག་ཐབས་བཅས་བྱ་རྒྱུ་ནི་ལས་བྱེད་པ་འཚར་ལོངས་ཡོང་བ་དང་གོ་ཆོད་པར་འགྱུར་བའི་ནང་གི་གནད་ཆེའི་རྒྱུ་རྐྱེན་ཞིག་རེད། ཏང་ཡོན་དང་ལས་བྱེད་པ་ཚང་མས“ནན་གསུམ་དྲང་གསུམ”མཐའ་འཁྱོངས་བྱེད་དགོས་པ་དང་། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་གཅུས་བུར་དམ་དུ་གཏོང་དགོས། སེམས་ལ་ཏང་དང་། མི་དམངས། འགན་འཁྲི། སྡོམ་ཁྲིམས་བཅས་ཡོད་དགོས་པ་མ་ཟད། ད་དུང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་རྒྱུ་དེའང་མི་ཚེའི་དོན་གཉེར་བྱེད་ཕྱོགས་ཆེ་ཤོས་ཤིག་ཏུ་བརྩི་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཤེས་བྱ་གསར་སྒྱུར་མགྱོགས་པོ་དང་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་ཀྱི་བྱང་ཚད་དང་ལས་ཀའི་ནུས་པ་དུས་རབས་ཀྱི་འགྲོས་དང་མཐུན་པར་བྱེད་དགོས་པ་དང་། ཤེས་རྒྱ་ཆུང་བའི་རྐྱེན་གྱིས་རྨོངས་པ་དང་མི་ཤེས་པའི་རྐྱེན་གྱིས་འཁྲུག་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས། ལས་དོན་ལེགས་པར་སྒྲུབ་ཐུབ་པའི་གོམས་བྱང་ཅན་ཞིག་ཏུ་འགྱུར་རྒྱུའི་འབད་བརྩོན་བྱེད་དགོས།
         བློ་མཐུན་རྣམ་པ་དང་གྲོགས་པ་རྣམ་པ།
          རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་མཚུངས་ཤིང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་མཐུན་པའི་རྒྱལ་མཚམས་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་ཞིག་འཛུགས་སྐྲུན་བྱ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ཇུས་ལས་འགན་ཞིག་རེད། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། དུས་བབ་གསར་པའི་འོག་ཏང་གི་དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་དམིགས་ཚད་ཁོང་དུ་བརྟན་པོར་ཆུད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་རྒྱུ། ཁྲིམས་ལུགས་ལ་བརྟེན་ནས་དམག་དཔུང་བཅོས་སྐྱོང་བྱ་རྒྱུ་བཅས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བ། ལ་རྒྱ་ལྡན་པ་དང་། འཇོན་ཐང་ལྡན་པ། བློ་བརྟན་གཞུང་དྲང་གི་རང་གཤིས་ལྡན་པ། སྤྱོད་བཟང་ལྡན་པ་བཅས་ཀྱི་དུས་རབས་གསར་པའི་གསར་བརྗེའི་དམག་དཔུང་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་པ་བཅས་ཀྱི་ཏང་གི་བཀའ་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་མི་དམངས་དམག་དཔུང་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། འགོག་སྲུང་ཧུར་ཐག་གི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་བསྟར་བའི་ཀྲུང་གོས་མ་འགྲིག་པ་ཏོག་ཙམ་བྱུང་མ་ཐག་ལམ་སེང་དྲག་ཤུགས་ལ་བརྟེན་ནས་འཇིགས་སྣང་སྐུལ་མི་སྲིད་ལ། མི་གཞན་གྱི་སྒོ་རྩར་བསྐྱོད་ནས་དཔའ་ངོམ་དཔུང་སྟོན་ཡང་བྱ་མི་སྲིད། གང་ས་གང་དུ་དཔའ་ངོམ་དཔུང་སྟོན་བྱེད་པ་དེ་སྟོབས་ཤུགས་ལྡན་པའི་མཚོན་རྟགས་ཤིག་མིན་ལ་སུས་ཀྱང་འཇིགས་སྣང་བྱ་མི་སྲིད། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་དེང་རབས་ཅན་གྱི་དྲག་ཆས་ཉེན་རྟོག་སྟོབས་ཤུགས་འཛུགས་སྐྱོང་མགྱོགས་པོ་བྱེད་དགོས་པ་དང་། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་གཏོང་དགོས།
         མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་གྲུབ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལྡོག་མེད་བླང་བྱ་ཞིག་རེད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་ཁྲོད་སྐྱེ་བོ་ཀུན་གྱིས་ཁས་བླངས་པའི་གྲུབ་འབྲས་ཐོབ་ཡོད་ལ་དེ་གསོན་ཤུགས་ཀྱང་ཧ་ཅང་ཆེན་པོ་ལྡན་ཡོད། དཀའ་ངལ་དང་འགྲན་སློང་གང་ཞིག་འཕྲད་རུང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཐད་ཀྱི་ང་ཚོའི་ཡིད་ཆེས་དང་ཆོད་སེམས་ལ་གཡོ་འགུལ་གཏན་ནས་ཐེབས་མི་སྲིད། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་བྱ་བ་བསྒྲུབ་རྒྱུ། སྲིད་འཛིན་དཔོན་རིགས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་བསྐྱང་རྒྱུ་དང་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཤང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། དམངས་གཙོར་སྐུལ་འདེད་གཏོང་བ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ང་ཚོས་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན།
          ངོགས་གཉིས་པོའི་འབྲེལ་བ་ཞི་བདེ་འཕེལ་རྒྱས་གཏོང་རྒྱུ་ནི་ངོགས་གཉིས་ཀྱི་ཞི་བདེར་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་སྐྲུན་པ་བཅས་ཀྱི་འགྲོ་ལམ་ཡང་དག་ཅིག་ཡིན་ལ་ཞི་བདེ་གཅིག་གྱུར་གྱི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འཕྲོ་བའི་འགྲོ་ལམ་ཞིག་ཀྱང་རེད། “གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱ་རྒྱུ་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཞིག་རེད། ང་ཚོས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། མི་སུ་འདྲ་ཞིག་དང་། དུས་ཚོད་གང་འདྲ་ཞིག རྣམ་པ་གང་ཞིག་གིས་སྤེལ་བའི་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་ཀྲུང་གོའི་མི་དམངས་དུང་ཕྱུར་13ལྷག་ཙམ་དང་ཀྲུང་ཧྭ་མི་རིགས་ཡོངས་རྫོགས་ཀྱིས་ཁས་གཏན་ནས་ལེན་མི་སྲིད། ངོགས་གཉིས་ཀྱི་སྤུན་ཟླ་ནི་ལས་དབང་གཅིག་མཐུན་གྱི་ཤ་རུས་འདྲེས་པའི་གཅེན་གཅུང་ལྟ་བུ་དང་བརྩེ་དུང་ཟབ་པའི་ཁྱིམ་ཚང་གཅིག་ལྟ་བུ་རེད། མི་རིགས་སྟོབས་འབྱོར་དར་རྒྱས་བྱུང་ན་སྤུན་ཟླ་ཐུན་མོང་གི་བདེ་སྐྱིད་དང་མི་རིགས་ཉམས་རྒུད་ཟང་ཟིང་བྱུང་ན་སྤུན་ཟླ་ཐུན་མོང་གི་ཆག་སྒོ་རེད། ངོགས་གཉིས་པོའི་ཕྱོགས་གཉིས་ཀས་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་སེམས་སུ་བརྟན་པོར་བཅངས་ཏེ་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་མཉམ་དུ་འབད་འཐབ་བྱེད་དགོས།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།
          གཞོན་ནུ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་ལ་རང་རེའི་ཏང་གི་འབྱུང་འགྱུར་དང་རེ་བའང་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྲོལ་གཏོད་ཤིང་རྟའི་གྲས་ཡིན་པའི་བློ་མཐུན་ལི་ཏ་ཀྲའོ་ཡིས་གཞོན་ནུས“འཛམ་གླིང་ལ་ཤེས་དཔལ་གཏོད་པ་དང་མིའི་རིགས་ལ་བདེ་སྐྱིད་སྐྲུན་དགོས། རང་གི་ལང་ཚོར་བརྟེན་ནས་ལང་ཚོའི་ཁྱིམ་ཚང་དང་། ལང་ཚོའི་རྒྱལ་ཁབ། ལང་ཚོའི་མི་རིགས། ལང་ཚོའི་མིའི་རིགས། ལང་ཚོའི་གོ་ལ། ལང་ཚོའི་འཇིག་རྟེན་བཅས་སྐྲུན་དགོས། ཏང་གི་བྱ་གཞག་ལ་ལང་ཚོ་སྐྱེས་སུ་འབུལ་དགོས”ཞེས་གསུང་མྱོང་ཡོད། ལོ་95ཡི་རིང་རང་རེའི་ཏང་ལ་ཐོབ་པའི་གྲུབ་འབྲས་ནང་གཞོན་ནུའི་སྤྲོ་སེམས་དང་ལེགས་སྐྱེས་འདུས་ཡོད། ཏང་ཡོངས་ཀྱིས་གཞོན་ནུར་དོ་ཁུར་དང་། གཞོན་ནུར་ཐུགས་ཁུར། གཞོན་ནུར་གཅེས་སྐྱོང་། གཞོན་ནུའི་སྙིང་གཏམ་ཉན་པ། གཞོན་ནུ་གྲོཌ་པོ་ཚོའི་སྙིང་ཉེ་བ། སེམས་རྩ་འཁོལ་བའི་གཞོན་ནུའི་ལས་དོན་པ། གཞོན་ནུ་མང་ཚོགས་ཀྱི་ལམ་སྟོན་པ་བཅས་བྱེད་དགོས།
          རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་ཉེ་རབས་ཚུན་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་རླབས་ཆེན་གྱི་ལོ་རྒྱུས་ལམ་བུ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ། དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འཐབ་པ་དང་། གསར་གཏོད་པ། ལེགས་སྐྱེས་པ་བཅས་བྱེད་ཕོད་པ་བྱས་ཏེ་མེས་རྒྱལ་དང་། མི་དམངས། མི་རིགས་བཅས་ལ་ལེགས་སྐྱེས་འབུལ་བའི་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་བ་བྱེད་དགོས།
          བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།
          ལོ་95ཡི་གོང་ཀྲུང་གོ་མི་དམངས་ལ་མི་རིགས་རང་དབང་དང་མི་དམངས་བཅིངས་འགྲོལ་ཐོབ་རྒྱུ་དང་རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་བདེ་སྐྱིད་ཡོང་བའི་འདུན་པ་ཤིན་ཏུ་ཆེན་པོ་ཡོད་རུང་མདུན་ཕྱོགས་སུ་ཀྱག་ཀྱོག་གི་ལམ་བུས་ཁེངས་ཡོད། ད་ཆ་ང་ཚོ་ལོ་རྒྱུས་ཀྱི་དུས་མཚམས་གང་ཞིག་ལས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་ཚད་མངོན་འགྱུར་བྱེད་པ་དང་སྔར་བས་ཉེ་བ་དང་ལོ་རྒྱུས་ཀྱི་དུས་མཚམས་གང་ཞིག་ལས་དམིགས་ཚད་མངོན་འགྱུར་བྱེད་པའི་ཡིད་ཆེས་ཀྱི་བསམ་པ་སྔར་བས་བརྟན་ལ་ནུས་པ་སྔར་བས་ཆེན་པོ་ལྡན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ངེས་པར་དུ་སྒྲུབ་དགོས་ལ་སྒྲུབ་ཐུབ་ངེས་ཀྱང་ཡིན་པ་ང་ཚོས་ཚིག་ཐག་བཅད་ནས་བཤད་ཆོག
          1949ལོའི་ཟླ་3ཚེས་23ཉིན་གྱི་སྔ་དྲོ་ཏང་ཀྲུང་དབྱང་ཤིས་པའེ་ཕོ་ནས་པེ་ཅིང་དུ་བསྐྱོད་པའི་དུས་ཚོད་རེད། བློ་མཐུན་མའོ་ཙེ་ཏུང་གིས“དེ་རིང་ནི་པེ་ཅིང་དུ་རྒྱུགས་སྤྲོད་པར་སྐྱོད་པའི་ཉིན་མོ་ཡིན”ཞེས་གསུང་མྱོང་ཡོད། ལོ་60ལྷག་ཙམ་གྱི་ལག་ལེན་ཁྲོད་ནས་ལོ་རྒྱུས་རང་བཞིན་གྱི་ཡིག་རྒྱུགས་ནང་རང་རེའི་ཏང་ལ་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་པ་ར་འཕྲོད་ཐུབ་ཡོད། དེ་དང་ཆབས་ཅིག་ཡིག་རྒྱུགས་དེ་མཇུག་འགྲིལ་མེད་པར་མུ་མཐུད་སྤྲོད་བཞིན་ཡོད། ད་ཆ་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་ནས་བསྒྲུབས་པའི་ལས་དོན་མཐའ་དག་ནི་ཡིག་རྒྱུགས་མུ་མཐུད་སྤྲོད་པ་དེ་རེད།
          “མདུན་ཕྱོགས་སུ་ཀྱག་ཀྱོག་དང་རབ་རིབ་ཀྱི་ལམ་བུས་ཁེངས་པས་ངེས་པར་དུ་ཡིད་གཟབ་བྱས་ནས་སྐྱོད་དགོས” ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་མུ་མཐུད་མདུན་སྐྱོད་དང་། ཁེངས་སྐྱུང་དང་། གཟབ་ནན། ང་རྒྱལ་འཚབ་འཚུབ་མེད་པ་བཅས་ཀྱི་སྤྱོད་ཚུལ་ནམ་ཡང་རྒྱུན་འཁྱོངས། དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་ནམ་ཡང་རྒྱུན་འཁྱོངས། སྒྱུར་བཅོས་བྱེད་ཕོད་པ་དང་གསར་གཏོད་བྱེད་ཕོད་པ། ནམ་ཡང་རེངས་པོར་མི་འགྱུར་བ་དང་མཚམས་མི་ཆད་པ། ལོ་རྒྱུས་རང་བཞིན་གྱི་ཡིག་རྒྱུགས་ཁྲོད་མུ་མཐུད་ཚོད་བགམ་ཐེག་ཐུབ་པ་བཅས་བྱས་ནས་ལོ་རྒྱུས་དང་མི་དམངས་ལ་དེ་བས་གཡུར་ཟའི་རྒྱུགས་ཤོག་གསར་པ་ཞིག་འབུལ་དགོས།

【1】  【2】  【3】  【4】  【5】