མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་ལས་དོན་
གྱི་བཞུགས་མོལ་ཚོགས་འདུའི་ཐོག ཉམས་མྱོང་ཕྱོགས་སྡོམ་དང་། ཡིད་ཆེས་བརྟན་གཏོང་། 
སྐུལ་མ་ཏན་ཏིག་གཏོང་བ་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”གིས་ལམ་རྒྱུད་དེའི་
རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 09:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་ལས་དོན་
གྱི་བཞུགས་མོལ་ཚོགས་འདུའི་ཐོག ཉམས་མྱོང་ཕྱོགས་སྡོམ་དང་། ཡིད་ཆེས་བརྟན་གཏོང་། 
སྐུལ་མ་ཏན་ཏིག་གཏོང་བ་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”གིས་ལམ་རྒྱུད་དེའི་
རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་ནན་བཤད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཉམས་མྱོང་ཕྱོགས་སྡོམ་དང་ཡིད་ཆེས་བརྟན་དུ་བཏང་ནས་ལས་དོན་ཏན་ཏིག་སྤེལ་བ་དང་། སྲིད་ཇུས་འབྲེལ་མཐུད་དང་། སྒྲིག་བཀོད་མཉམ་འབྲེལ། ཉོ་ཚོང་ཤར་བགྲོད། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ལ་དོ་ཁུར་བྱེད་པ། གཉིས་ཁེ་མཉམ་ལས་ཀྱི་དྲ་རྒྱ་དང་། མཉམ་ལས་བྱ་ཐབས་གསར་པ། སྣ་མང་མཉམ་ལས་ལས་སྟེགས་བཅས་ལ་དོ་ཁུར་བྱེད་པ། ལྗང་མདོག་གི་དར་གོས་ལམ་བུ་དང་། སྐྱོན་བྲལ་གྱི་དར་གོས་ལམ་བུ། ཤེས་རིག་གི་དར་གོས་ལམ་བུ། ཞི་བདེའི་དར་གོས་ལམ་བུ་བཅས་མཉམ་དུ་གཏོད་རྒྱུར་དོ་ཁུར་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམ་འཛིན་བྱེད་པ། གོམ་སྟབས་རེ་རེ་བཞིན“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གིས་ལམ་རྒྱུད་དེའི་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་མ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲང་ཀའོ་ལིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཧྲའོ་ཧྲི་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི། ཕུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཡིའུ་ཆོན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཁྲུན་ཤན། ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲུན་ཧྭ། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་ཆིན་ཅན། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཆི་ཐའོ། ཧྭ་ལི་ཚོགས་པ་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་དབང་ལི་ཁྲེང་། ཀྲུང་གོ་ཚན་རིག་ཁང“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཝུའེ་ཏུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་གནང་ཞིང་། ཁོང་རྣམ་པས་དོན་དངོས་དང་ཟུང་འབྲེལ་གྱིས་ཟུར་ཚད་མི་འདྲ་བའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་དམིགས་ནས་གནས་ཚུལ་ངོ་སྤྲོད་ཞུས་པ་དང་སྦྲགས་བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསན་གྱིན་དུ་ཟིན་བྲིས་བསྐྱོན་གནང་བ་དང་ཁོང་ཚོ་དང་སྤེལ་རེས་ཡང་ཡང་གནང་བ་རེད། ཚང་མའི་གཏམ་བཤད་གསན་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་དང་དེ་བས་རིང་བའི་དུས་སྐབས་ཀྱི་འཕེལ་རྒྱས་ལ་དམིགས་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་། ཅིང་ཅིན་ཅི་མཉམ་དུ་འཕེལ་རྒྱས། འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་རིམ་གྱིས་གསལ་སྟོན་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། མིག་སྔར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་དེའི་ནང་ཞུགས་པ་དང་། ང་ཚོས་ལམ་རྒྱུད་རྒྱལ་ཁབ་30ལྷག་ཙམ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གན་རྒྱར་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་20ལྷག་ཙམ་དང་མཉམ་དུ་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཀྱང་གདེང་འཇོག་ཡག་པོ་བྱེད་པ། ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་དང་དར་གོས་ལམ་བུའི་ཐེབས་རྩས་མཚོན་བྱེད་དུ་བྱས་པའི་དངུལ་རྩའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཁག་གཅིག་རིམ་བཞིན་ལག་ལེན་བསྟར་འགོ་ཚུགས་ཡོད། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་མེད་པ་ནས་ཡོད་པའི་བར་དང་གནས་ནས་ཁྱོན་བར་གྱི་འཕེལ་རིམ་དང་གྲུབ་འབྲས་སྔོན་དཔག་ལས་ལྷག་པ་ཡོད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཅིག་སྟོབས་འབྱོར་མངའ་ཐང་ལྡན་ཚེ་གཞི་ནས་སྒོ་དབྱེ་རྒྱུར་ཡིད་ཆེས་ཀྱིས་ཁེངས། སྒོ་དབྱེས་རྒྱལ་ཁབ་ཅིག་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཀྱིས་སྒྱུར་བཅོས་སྒོ་དབྱེ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལུགས་ར་སྤྲོད་གང་ལེགས་བྱས་ཡོད། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་བསྟུན་ནས་ང་ཚོས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པར་གོ་ལ་ཧྲིལ་པོར་བཅངས་པའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་དེ་བས་རང་རྟོགས་ངང་སྤྱི་འདོམས་བྱེད་པ། གནས་ཕྱོགས་ཆ་ཚང་མའི་སྒྱུར་བཅོས་སྒོ་དབྱེའི་འཐབ་ཇུས་ཆེན་པོར་ཕྱོགས་ཡོངས་ནས་ཇུས་འགོད་བྱེད་པ་བཅས་ཀྱི་ཐོག་ནས་ཧུར་བརྩོན་དང་རང་འགུལ་གྱི་རྣམ་འགྱུར་ལ་བརྟེན་ནས་འཛམ་གླིང་ཕྱོགས་སུ་སྐྱོད་དགོས།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་གོ་སྐབས་སུ་བཟུང་ནས་རྒྱལ་སྒྲོལ་གྱི་ཕན་ཚུན་སྦྲེལ་མཐུད་བྱེད་པ་དང་། ཉོ་ཚོང་དང་མ་འཇོག་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་ཆས་བཟོ་སྐྲུན་མཉམ་ལས་བྱེད་པ། ངོ་བོའི་ཐོག་ནུས་ལྡན་གྱི་མཁོ་སྤྲོད་ལ་བརྟེན་ནས་དགོས་མཁོ་གསར་པ་སྐྱེད་བསྲིང་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་གི་དཔལ་འབྱོར་སླར་ཡང་དོ་སྙོམས་ཡོང་བ་བྱེད་དགོས། ལྷག་དོན་དུ་མིག་སྔར་འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་ཆག་པའི་གནས་ཚུལ་འོག་བདེ་བླག་དུས་འཁོར་འོག་ཆགས་པའི་ཐོན་ནུས་དང་འཛུགས་སྐྲུན་བྱེད་ནུས་ཆེན་པོ་ཕྱིར་གཏོང་ཐུབ་པ་བྱས་ནས་ལམ་རྒྱུད་རྒྱལ་ཁབ་ཀྱིས་བཟོ་ལས་ཅན་དང་དེང་རབས་ཅན་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་དགོས་གཏུགས་ཀྱི་དགོས་མཁོར་རྒྱབ་སྐྱོར་བྱ་རྒྱུ་དེ་དེང་སྐབས་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་བརྟན་དུ་འགྲོ་རྒྱུར་ཕན་པ་ཡོད།
         ཞིས་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁག་བརྒྱད་བཏོན་གནང་བ་སྟེ། གཅིག་ནས་བསམ་བློ་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་རྒྱལ་ཁབ་ཁག་གིས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འདྲ་མཉམ་ལ་བརྩི་སྲུང་དང་། གཉིས་ཁེ་དོན་གཉེར། གཙོ་གནད་ཁ་ཕྱོགས་སྟངས་འཛིན་ནན་པོ་བཅས་བྱེད་པ། གཙོ་གནད་ས་ཁུལ་དང་། གཙོ་གནད་རྒྱལ་ཁབ། གཙོ་གནད་རྣམ་གྲངས་བཅས་ལ་དོ་ཁུར་བྱེད་པ། འཕེལ་རྒྱས་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་དེ་འཕེལ་རྒྱས་གཏོང་རྒྱུར་དམ་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ལ། ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་བསྐྲུན་དགོས་པ་དང་། གཉིས་ནས་འཆར་འགོད་དོན་འཁྱོལ་ཏན་ཏིག་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་དང་གནད་སྨིན་ཤུགས་འདོན་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་སྲིད་ཇུས་བྱ་ཐབས་ལ་སྔར་བས་ཞིབ་འཇུག་བྱེད་པ། བེད་སྤྱོད་བྱེད་ཐབས་གསར་གཏོད་བྱེད་པ། ལེ་ལག་ཚང་བའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་། ནུས་རྒྱུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད། དཔལ་འབྱོར་ཉོ་ཚོང་གི་ཐོན་ལས་མཉམ་ལས་ཁུལ་འཛུགས་སྐྲུན། ཐོན་ལས་ཀྱི་ལྟེ་བའི་ལག་རྩལ་ཞིབ་འཇུག་ལ་འདེགས་སྐྱོར་སོགས་ཀྱི་འཐབ་ཇུས་རང་བཞིན་གྱི་དམིགས་བསལ་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་དགོས་པ། གསུམ་ནས་སྤྱི་འདོམས་མཐུན་སྦྱོར་ཏན་ཏིག་བྱས་ནས་སྐམ་མཚོར་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཕྱི་ནང་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་གཞུང་དང་ཁེ་ལས་ལ་སྤྱི་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་ནང་གི་ཁེ་ལས་ལམ་རྒྱུད་རྒྱལ་ཁབ་ཏུ་མ་འཇོག་ལས་གཉེར་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱེད་པ་བཅས་བྱེད་དགོས་ལ། ལམ་རྒྱུད་རྒྱལ་ཁབ་ཀྱི་ཁེ་ལས་རང་རྒྱལ་དུ་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུའང་ཞུ་དགོས་པ། བཞི་ནས་འགག་རྩའི་རྣམ་གྲངས་དོན་འཁྱོལ་ཏན་ཏིག་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་ཐོན་ནུས་མཉམ་ལས་དང་དཔལ་འབྱོར་ཉོ་ཚོང་ཐོན་ལས་མཉམ་ལས་ཁུལ་དམ་འཛིན་བྱེད་གཞིར་བྱས་ཏེ་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་ཁག་གཅིག་ལག་ལེན་ཡག་པོ་བསྟར་བ་དང་སྔ་ཙམ་ནས་ཕན་འབྲས་མང་ཙམ་ཐོན་པ་བྱས་ཐོག འབྲེལ་ཡོད་རྒྱལ་ཁབ་ལ་རྒྱུན་ཆད་མེད་པར་དངོས་འབྲེལ་དྲང་འབྲེལ་གྱི་ཐོབ་སེམས་ཡོད་པ་བྱེད་དགོས་པ། ལྔ་ནས་དངུལ་རྩའི་གསར་གཏོད་ཏན་ཏིག་བྱས་ནས་རྒྱལ་སྤྱི་ཅན་གྱི་མ་དངུལ་བསྡུ་སྒྲིལ་བྱ་ཐབས་གསར་གཏོད་བྱེད་པ་དང་། དངུལ་རྩའི་ཁྱབ་ཁོངས་མཉམ་ལས་ཟབ་ཏུ་གཏོང་བ། རིམ་པ་མང་བའི་དངུལ་རྩའི་ལས་སྟེགས་གཏོད་པ་བཅས་ཀྱི་ཐོག་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཡུན་རིང་དང་། བརྟན་པོ། རྒྱུན་མཐུད། ཉེན་ཁ་ཚོད་འཛིན་བཅས་ཀྱི་དངུལ་རྩའི་འགན་ལེན་མ་ལག་བསྐྲུན་དགོས་པ། དྲུག་ནས་དམངས་སེམས་གཅིག་མཐུན་ཏན་ཏིག་ཡོང་བ་བྱས་ནས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ནས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་ལས་ལ་མཐོང་ཆེན་བྱེད་དགོས་པ། བདུན་ནས་གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཏན་ཏིག་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་རིག་གཞུང་ཞིབ་འཇུག་དང་། རིག་གཞུང་གིས་འདེགས་སྐྱོར། སྐད་ཆའི་མ་ལག་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་རྒྱག་དགོས་པ། བརྒྱད་ནས་བདེ་འཇགས་འགན་ལེན་ཏན་ཏིག་ཡོང་བ་བྱས་ནས་བདེ་འཇགས་ཉེན་ཁའི་དཔྱད་དཔོག་དང་། བརྟག་དཔྱད་ཚད་ལེན་དང་སྔོན་ཚུད་ཉེན་གཏོང། འཕྲལ་སྡོམ་ཐག་གཅོད་འཐུས་ཚང་དུ་གཏོང་བ། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོ་བ་བཅས་ཀྱི་ཐོག་ནས་འབྲེལ་ཡོད་བཀོད་སྒྲིག་དང་བྱ་ཐབས་སྡེ་ཚན་ཁག་དང་། རྣམ་གྲངས་ཚང་མ། ལས་སྒྲུབ་ཚན་པ་དང་ཁེ་ལས་བཅས་སུ་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་བཅས་ཡིན།
         ཀྲང་ཀའོ་ལིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།