མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་སྐོང་འཁྲབ་འགོ་ཚུགས་མཛད་སྒོའི་
རིག་རྩལ་དགོང་ཚོགས་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་སྐོང་འཁྲབ་འགོ་ཚུགས་མཛད་སྒོའི་
རིག་རྩལ་དགོང་ཚོགས་པེ་ཅིང་དུ་འཚོགས་པ།

         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན་བཅས་ཕེབས་པ་དང་འབྲེལ་དགོང་ཚོགས་ལ་གཟིགས་པ། 
         མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ། བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་འགྲུབ། ཚེས་18ཉིན་གྱི་དགོང་མོ་སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་སྐོང་འཁྲབ་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་མང་ཚོགས་3000ལྷག་ཙམ་དང་ལྷན་དུ་དགོང་ཚོགས་ལ་གཟིགས་པ་རེད།
         མི་དམངས་ཚོགས་ཁང་ཆེ་མོར་གློག་འོད་ཆེམ་ཆེམ་འཕྲོ་བ་དང་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གར་སྟེགས་ཀྱི་རྒྱབ་ངོས་དབུས་སུ“བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་འགྲུབ”ཅེས་པའི་རྒྱ་ཡིག་ཡིག་འབྲུ་ཆེན་པོ་བཀལ་ཡོད་པ་དང་། གར་སྟེགས་ཀྱི་གཞོགས་གཡས་གཡོན་གཉིས་སུ་བཀྲ་ཤིས་ནང་དོན་མཚོན་པའི་རྨ་བྱའི་སྤུ་སྒྲོའི་རི་མོས་བརྒྱན་ཡོད་པ་རེད། ཆུ་ཚོད་20ཙམ་ལ་ཞིས་ཅིན་ཕིང་སོགས་དགོང་ཚོགས་འཚོག་ཡུལ་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ལྟད་མོ་ཆེ་བའི་གླུ་གར་འཁྲབ་སྟོན་《ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ་》ཅེས་པའི་ཐོག་ནས་འགོ་ཚུགས་མཛད་སྒོའི་རིག་རྩལ་དགོང་ཚོགས་འགོ་ཚུགས་པ་དང་། 《བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་འགྲུབ་》ཅེས་པའི་ཐོག་ནས་དགོང་ཚོགས་མཇུག་འགྲིལ་བ་རེད། དགོང་ཚོགས་ཧྲིལ་པོ“མཐུན་སྒྲིལ་གྱི་ལེའུ”དང“འཕེལ་རྒྱས་ཀྱི་ལེའུ”“ཕུགས་འདུན་གྱི་ལེའུ”བཅས་ལེའུ་གསུམ་ལས་གྲུབ་པ་དང་། འཁྲབ་སྟོན་པ་ཚོས་སྤྲོ་སེམས་ཀྱིས་ཁེངས་བཞིན་འཁྲབ་སྟོན་བྱས་ནས་མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་མངོན་པ་དང་། ཀྲུང་ཧྭ་མི་རིགས་རིག་རྩལ་གྱི་མེ་ཏོག་མཉམ་བཞད་ཀྱི་གསོན་ཤུགས་མངོན་ཡོད་པ་རེད། གླུ་གར་《སྤུན་ཟླའི་བརྩེ་སེམས་ཆུ་མོ་ལས་ཀྱང་རིང་》ཞེས་པ་དང་། གླུ་གར་རོལ་དབྱངས་《ཅང་ཤེས་རྟ་ཕོ་ཡུལ་དུ་འཁོར་》ཞེས་པ་སོགས་སྒྱུ་རྩལ་གྱི་མཚོན་ཐབས་མི་འདྲ་བའི་འཁྲབ་ཚན་མང་པོ་ཞིག་གི་ཐོག་ནས་ཏང་གི་འགོ་ཁྲིད་འོག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་བདེ་སྐྱིད་འཚོ་བར་བསྟོད་གླུ་ཕུལ་ནས་ཁོང་ཚོས་རླབས་ཆེན་མེས་རྒྱལ་ལ་སྙིང་དབུས་ནས་དགའ་ཞེན་བྱེད་ལུགས་གང་ལེགས་མཚོན་པར་བྱས་ཡོད་པ་རེད། དགོང་ཚོགས་ཧྲིལ་པོར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་འོག་མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་བློ་སེམས་གཅིག་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་འགྱུར་མེད་ཆོད་སེམས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད། མཇུག་ཏུ་《བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་འགྲུབ་》ཅེས་པའི་སྤྲོ་སྣང་ལྡན་པའི་རོལ་དབྱངས་དང་མི་རིག་ཁག་གི་འཁྲབ་སྟོན་པའི་དགའ་སྤྲོ་འཁོལ་བའི་གླུ་གར་ཁྲོད་དགོང་ཚོགས་མཇུག་འགྲིལ་བ་རེད། 
         འཁྲབ་སྟོན་མ་བྱས་གོང་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་མི་རིགས་ཁག་གི་འཁྲབ་སྟོན་པ་དང་འཁྲབ་སྟོན་ལས་བཟོའི་འཐུས་མིར་མཇལ་འཕྲད་གནང་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་ཕྱག་གཏོང་རེས་གནང་བ་དང་འབྲེལ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།