མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མི་དམངས་ལ་བདེ་ཐང་ཡོང་བ་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་
འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་ཕྱོགས་ཡོངས་དང་རྣམ་པ་ཀུན་ཏུ་མི་དམངས་
ཀྱི་བདེ་ཐང་འགན་ལེན་ཧུར་ཐག་བྱེད་དགོས་པའི་ནན་གསུངས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་མི་དམངས་ལ་བདེ་ཐང་ཡོང་བ་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་
འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ་ཕྱོགས་ཡོངས་དང་རྣམ་པ་ཀུན་ཏུ་མི་དམངས་
ཀྱི་བདེ་ཐང་འགན་ལེན་ཧུར་ཐག་བྱེད་དགོས་པའི་ནན་གསུངས་གནང་བ།

         ལི་ཁེ་ཆང་གིས་གསུང་བཤད་གནང་བ་དང་། ཀྲང་ཏེ་ཅང་དང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཕེབས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་19ནས་20ཉིན་བར་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམངས་ཡོངས་ལ་བདེ་ཐང་མེད་ཚེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་ཐབས་བྲལ། མི་དམངས་བདེ་ཐང་ཡོང་བ་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་སྟེ། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་བ་དང་། བདེ་ཐང་གི་ཞབས་ཞུ་ལེགས་སུ་གཏོང་བ། བདེ་ཐང་གི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ། བདེ་ཐང་གི་ཁོར་ཡུག་སྐྲུན་པ། བདེ་ཐང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས་བདེ་ཐང་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་མ་མགྱོགས་སུ་བཏང་སྟེ་ཕྱོགས་ཡོངས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་ཐང་འགན་ལེན་ཧུར་ཐག་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་བདེ་ཐང་གི་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་གསུངས་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་ནང་། བདེ་ཐང་ནི་མིའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བའི་ལྡོག་མེད་བླང་བྱ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ཞིག མི་རིགས་དར་རྒྱས་དང་རྒྱལ་ཁབ་འབྱོར་ཕྱུག་གི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་འདུན་པ་ཞིག་ཀྱང་ཡིན། རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་མི་དམངས་ལ་བདེ་ཐང་ཡོང་བ་བྱ་རྒྱུ་དེ་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཡོང་བར་བྱེད་པའི་བྱ་གཞག་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཕྱིན་ཏེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་སྙོམས་ཚད་བརྟན་པོའི་ངང་འཕར་ཏེ་སྤྱི་པའི་འཕྲོད་བསྟེན་གྱི་སྟོབས་ཤུགས་ཧྲིལ་པོ་དང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱ་ནུས་སྐས་རིམ་ཆེན་པོ་ཞིག་ཏུ་སླེབས་ཡོད། དུས་ཡུན་རིང་པོའི་ནང་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་མི་དམངས་ཀྱི་བདེ་མོ་ཐང་ཚད་མངོན་གསལ་དོད་པོས་ལེགས་སུ་བཏང་བ་མ་ཟད། རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་འཚམས་པའི་འཕྲོད་བསྟེན་དང་བདེ་ཐང་ཡོང་བར་བྱེད་པའི་ལམ་བུ་ཞིག་བཙལ་ཡོད་ཅེས་ནན་གསུངས་གནང་བ་རེད།
         ཞིས་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་རྒྱ་ཆེའི་འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀ་སྒྲུབ་མཁན་ཚོས“ཚེ་སྲོག་ལ་མཐོང་ཆེན་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་སྤྲོ་བ། བྱམས་སེམས་ཀུན་ལ་ཁྱབ་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུས་པ་དང་ལྷག་པར་དུ་འགོ་ནད་ཚབས་ཆེན་དང་རང་བྱུང་གི་གནོད་འཚེ་ཚབས་ཆེན་གྱི་འཇིགས་པ་འཕྲད་སྐབས་དཔའ་མི་ཞུམ་པ་དང་། ཕྱིར་བཤོལ་མི་རྒྱག་པ། དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ། རང་སྲོག་བློས་བཏང་ནས་མི་གཞན་སྐྱོབ་པར་སྤྱི་ཚོགས་ཡོངས་ཀྱི་བསྔགས་བརྗོད་ཐོབ་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་འཕྲོད་བསྟེན་དང་བདེ་ཐང་གི་འཐབ་སར་གཞོལ་མཁན་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་སྨན་དོན་མི་སྣར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། མི་འབོར་ན་རྒས་ཅན་བཅས་སུ་གྱུར་པ་དང་ནད་ཡམས་མཆེད་ལུགས་མཆེད་ཁུངས་དང་། སྣོད་བཅུད་ཁོར་ཡུག འཚོ་བ་སྐྱེལ་སྟངས་སོགས་ལ་འགྱུར་བ་ཟམ་མི་ཆད་པར་ཕྱིན་པའི་དབང་གིས་རང་རྒྱལ་ལ་སྔར་བཞིན་ནད་ཡམས་མང་པོ་མཉམ་དུ་ཐོན་པ་དང་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མང་པོ་བསྣོལ་ནས་འཛིང་པའི་རྣམ་པ་ཐོན་ནས། ང་ཚོར་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་གནས་པའི་འཕྲོད་བསྟེན་དང་བདེ་ཐང་གི་གནད་དོན་འཕྲད་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གནས་པའི་འཕྲོད་བསྟེན་དང་བདེ་ཐང་གི་གནད་དོན་ཡང་འཕྲད་ཡོད། གལ་ཏེ་གནད་དོན་དེ་དག་ཐག་གཅོད་ཡག་པོ་མ་ཐུབ་ཚེ་མི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཚོད་འཛིན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པའི་ནན་གསུངས་གནང་བ་རེད།
         ཞིས་ཅིན་ཕིང་གིས་བདེ་ཐང་ལྡན་པའི་ཀྲུང་གོ་བསྐྲུན་པར་སྐུལ་མ་གཏོང་རིང་། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འཕྲོད་བསྟེན་དང་བདེ་ཐང་ཡོང་བར་བྱེད་པའི་ལམ་བུ་མཐའ་འཁྱོངས་བྱས་ཏེ། གནད་དོན་ཆེན་པོ་ཁག་གཅིག་སྟངས་འཛིན་ཡག་པོ་བྱེད་དགོས། འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀའི་བྱེད་ཕྱོགས་ཡང་དག་པ་རྣམས་མཐའ་འཁྱོངས་ཀྱིས་གཞི་རིམ་གཙོ་བོར་འཛིན་པ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བརྩི་བ། སྔོན་འགོག་བྱ་རྒྱུ་གཙོ་བོར་བཟུང་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་པ་བཅས་བྱས་ཏེ། བདེ་ཐང་ཡོང་བ་བྱ་རྒྱུ་སྲིད་ཇུས་ཚང་མའི་ནང་བཅུག་ནས་མི་དམངས་དང་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་ནུས་པ་མཐའ་འཁྱོངས་བྱས་ཏེ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུ་རྒྱ་ཆེར་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔོན་འགོག་དང་། སྨན་བཅོས། དྲག་སྐྱེད། བདེ་ཐང་བཅས་ལ་སྐུལ་མ་གཏོང་བ་སོགས་ཀྱི་ཞབས་ཞུ་དྲང་གཞག་དང་ཆ་ལག་ཚང་ལ་རྒྱུན་མཐུད་པ་ཞིག་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཡོངས་ལ་འདྲ་མཉམ་ངང་ལོངས་སྤྱོད་བྱ་རྒྱུ་ཡོང་བ་བྱེད་དགོས། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཁྱབ་ཁོངས་ནང་སྲིད་གཞུང་གིས་ལས་དོན་ཧུར་ཐག་སྒྲུབ་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ཡིན་པའི་ཁྱབ་ཁོངས་ཁྲོམ་རར་གསོན་ཤུགས་ལྡན་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་སྔོན་འགོག་གཙོ་བོར་འཛིན་པའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། སྔོན་འགོག་དང་སྨན་བཅོས་ཟུང་འབྲེལ། མཉམ་འགོག་མཉམ་སྡོམ། མཉམ་འགོག་མཉམ་སྲུང་བཅས་བྱས་ཏེ་མི་དམངས་མང་ཚོགས་ལ་ཚེ་གང་རིང་གི་འཕྲོད་བསྟེན་དང་བདེ་ཐང་གི་ཞབས་ཞུ་ཧུར་ཐག་སྒྲུབ་དགོས། ནད་ཆེན་སྔོན་འགོག་དང་ཚོད་འཛིན་ལ་མཐོང་ཆེན་བྱེད་པ་དང་འགོག་བཅོས་ཀྱི་ཐབས་ཇུས་ལེགས་སུ་བཏང་སྟེ་མི་ཚོགས་ལ་ནད་གཞི་ཕོག་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། ལོ་ཆུང་བྱིས་པའི་བདེ་ཐང་ལ་མཐོང་ཆེན་བྱས་ཏེ་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་འཕྲོད་བསྟེན་དང་བདེ་ཐང་གི་ལས་ཀར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་སྟེ་རང་རྟོགས་ངང་ནད་གཞི་སྔོན་འགོག་བྱེད་པའི་སློབ་མའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དམིགས་ས་ཡོད་པའི་སྒོ་ནས་ས་ཁུལ་དབུལ་པོའི་སློབ་མའི་འཚོ་བཅུད་ལྡན་པའི་བཟའ་བཅའ་དང་འཚོ་བཅུད་ཁུག་མ་སྤྲོད་པའི་བྱ་སྤྱོད་སྤེལ་ཏེ་ཁོང་ཚོ་འཚར་ལོངས་ཡག་པོ་ཡོང་བ་བྱེད་དགོས། གནད་ཆེའི་མི་ཚོགས་ཀྱི་བདེ་ཐང་ལ་མཐོང་ཆེན་བྱེད་པ་དང་། བུད་མེད་དང་བྱིས་པ་བདེ་ཐང་ཡོང་བར་བྱེད་པ། རྒན་རྒོན་ལ་བདེ་ཐང་གཡོག་བྱེད་དང་སྨན་བཅོས་ཞབས་ཞུ་རྒྱུན་མཐུད་ངང་སྒྲུབ་པ། དབང་པོ་སྐྱོན་ཅན“ཚང་མར་དྲག་སྐྱེད་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བའི”དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་པ། ཕྱོགས་མིའི་བདེ་ཐང་གནད་དོན་ལ་དོ་ཁུར་བྱེད་པའི་སྒོ་ནས་བདེ་ཐང་དབུལ་སྐྱོར་གྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས། བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ། འཕྲོད་བསྟེན་ཡག་པོ་བྱེད་པ་དང་། བདེ་ཐང་གལ་ཆེན་པོ་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་ནད་བཅོས་གཙོ་བོར་བྱེད་པ་ནས་མི་དམངས་བདེ་ཐང་ཡོང་བར་བྱ་རྒྱུ་གཙོ་བོར་བཟུང་སྟེ་བདེ་ཐང་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་ཚང་ཡོང་བ་དང་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་བཏང་ནས་དམངས་ཡོངས་ལུས་སྦྱོང་དང་དམངས་ཡོངས་བདེ་མོ་ཐང་ཚད་མཐོ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱ་རྒྱུར་སྐུལ་མ་གཏོང་དགོས། སེམས་ཁམས་བདེ་ཐང་ཡོང་བའི་གནད་དོན་གྱི་གཞི་རྩར་ཞིབ་འཇུག་བྱ་ཤུགས་ཆེ་རུ་བཏང་ནས་སེམས་ཁམས་བདེ་ཐང་ཤེས་བྱ་དང་སེམས་ཀྱི་ནད་གཞི་བཅོས་པའི་ཚན་རིག་ལས་དོན་ལེགས་པར་བསྒྲུབས་ཏེ་སེམས་ཁམས་སྨན་བཅོས་དང་སེམས་ཁམས་བློ་འདྲི་སོགས་ཀྱི་སེམས་ཁམས་བདེ་ཐང་ཞབས་ཞུ་ཚད་ལྡན་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་སྣོད་བཅུད་ཁོར་ཡུག་བཟང་པོ་ཞིག་ཡོང་བ་བྱ་རྒྱུ་ནི་འགྲོ་བ་མིའི་འཚོ་གནས་དང་བདེ་ཐང་ཡོང་བའི་རྨང་གཞི་ཡིན། འབྱུང་འཕྲོད་འཕེལ་རྒྱས་གཏོང་བའི་འདུ་ཤེས་ལ་གཞིགས་ནས་ཤིན་ཏུ་ནན་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་། ཁོར་ཡུག་དང་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད། ཉེན་ཁ་ཚོད་སྐོར་བྱེད་པའི་ལམ་ལུགས་བཙུགས་ནས་མཁའ་རླུང་དང་། ས་རྒྱུ། ཆུ་བཙོག་སྐྱོན་བཅས་འགོག་བཅོས་བྱ་རྒྱུ་གཙོ་གནད་དུ་དམ་འཛིན་བྱས་ཁར། རྒྱལ་ཁབ་ས་ཆ་སྔོ་ལྗང་དུ་བསྒྱུར་མགྱོགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་བའི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་ཁམས་གཙང་གི་བྱ་སྤྱོད་མུ་མཐུད་སྤེལ་ཏེ། གྲོང་གསེབ་ཀྱི་མི་སྣ་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་ནས་བདེ་ཐང་ལྡན་པ་དང་། སྡོད་རྒྱུར་འཚམ་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས། བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་བཟའ་བཅའི་བདེ་འཇགས་མ་ལག་འཐུས་ཚང་དང་བཟའ་བཅའི་བདེ་འཇགས་ལྟ་སྡོམ་བྱ་ཤུགས་ཆེ་རུ་བཏང་སྟེ་ཞིང་ནང་ནས་གསོལ་ལྕོག་བར་གྱི་འགག་སྒོ་ཚང་མ་ནན་པོར་སྲུང་དགོས། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་ཡོང་བ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་བཟོས་པའི་སྤྱི་པའི་བདེ་འཇགས་དོན་རྐྱེན་གྱི་གནོད་འཚེ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ད་ཆ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་ཚད་དུ་གནས་པ་དང་དཀའ་ངལ་ཁྱད་བསད་བྱེད་པའི་འགག་སྒྲོལ་དུས་སུ་སླེབས་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་གང་མགྱོགས་དོན་འཁྱོལ་གནད་སྨིན་ཡོང་བ་བྱེད་དགོས་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་སྐྱོང་ལ་དམིགས་བཀར་དུ་སྐུལ་མ་བཏང་ནས་རིམ་དབྱེའི་སྨན་བཅོས་ལམ་ལུགས་དང་། དེང་རབས་སྨན་བཅོས་དོ་དམ་ལམ་ལུགས། དམངས་ཡོངས་ཀྱི་སྨན་བཅོས་འགན་ལེན་ལམ་ལུགས། སྨན་མཁོ་སྤྲོད་འགན་ལེན་ལམ་ལུགས། ཕྱོགས་བསྡུས་ལྟ་སྡོམ་ལམ་ལུགས་བཅས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་5འཛུགས་སྐྱོང་ལ་ཚད་བརྒལ་ཡོང་བར་དམིགས་བཀར་དུ་སྐུལ་མ་གཏོང་དགོས། ཀྲུང་ལུགས་གསོ་རིག་དར་རྒྱས་ཡོང་བར་སྐུལ་མ་ཤུགས་ཆེན་བཏང་ནས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཁར། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཕན་ཚུན་གསབ་རེས་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ནས་ཀྲུང་ལུགས་གསོ་རིག་གི་བདེ་ཐང་ལུས་གསོའི་རིག་གནས་གསར་གཏོད་ངང་གཞན་སྒྱུར་དང་འཕེལ་རྒྱས་གཏོང་རྒྱུར་གཞོལ་དགོས། རྒྱ་ཆེའི་སྨན་དོན་པའི་ཧུར་སེམས་ཆེས་ཆེར་འཕེལ་བར་བྱས་ནས་ཁོང་ཚོའི་ཐོབ་ཆ་དང་། འཕེལ་རྒྱས་གཏོང་གཞི། ལས་སྒྲུབ་ཁོར་ཡུག སྤྱི་ཚོགས་ཀྱི་གནས་བབ་སོགས་མཐོ་རུ་གཏོང་རྒྱུ་ནས་འགོ་བརྩམས་ཏེ་རྒྱ་ཆེའི་སྨན་དོན་པའི་ལུས་སེམས་བདེ་ཐང་ལ་དོ་ཁུར་དང་གཅེས་སྐྱོང་བྱས་ཏེ་ཐབས་ལམ་སྣ་ཚོགས་ཐོག་ནས་སྨན་དོན་པར་ལས་རིགས་ཀྱི་གཟི་བརྗིད་ཚོར་སེམས་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་སྲོལ་བཟང་ཞིག་གཏོད་དགོས། རང་རྒྱལ་གྱི་རྒྱ་ཆེའི་འཕྲོད་བསྟེན་དང་བདེ་ཐང་ལས་ཀ་སྒྲུབ་མཁན་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་ནས་སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་དང་ལས་རིགས་རང་འདོམས་ནན་དུ་བཏང་སྟེ་མི་དམངས་ལ་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུ་ལེགས་ཤོས་སྒྲུབ་དགོས། སྨན་དོན་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་། ལྷག་པར་དུ་སྨན་དོན་པར་གནོད་འཚེ་བཏང་བའི་གཏུམ་སྤྱོད་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་བཏང་ནས་སྨན་དོན་པའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་བདེ་ཐང་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་ནི། རང་རེའི་ཏང་གིས་མི་དམངས་ལ་བླངས་པའི་ཁས་ལེན་ནན་པོ་ཞིག་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་སེམས་འདུ་འགོད་གལ་ཆེན་འདི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས། སྨན་བཅོས་དང་། སྨན་རྫས། འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་བཅུག་ནས་མཉམ་དུ་བཀོད་སྒྲིག་བྱེད་པ་དང་། བླང་བྱ་འདོན་པ། དཔྱད་ཞིབ་བྱས་ཏེ་ས་གནས་ཀྱིས་ཡུལ་བབ་དང་བསྟུན་ལ་ཁྱད་པར་ཡང་འབྱེད་རྒྱུ་ཡོད་པ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། བདེ་མོ་ཐང་ཚད་ལ་དཔྱད་བརྗོད་ཚོད་སྐོར་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་། སྲིད་ཇུས། འདུ་འགོད་གལ་ཆེན་རྣམ་གྲངས་ཀྱིས་བདེ་ཐང་ལ་ཐེབས་པའི་ཤུགས་རྐྱེན་ལ་ཚོད་སྐོར་ཆ་ལག་ཚང་བ་བྱེད་དགོས། མི་འབོར་གྱི་བདེ་ཐང་ཆ་འཕྲིན་ཞབས་ཞུའི་མ་ལག་འཛུགས་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་བདེ་ཐང་སྨན་བཅོས་ཀྱི་གྲངས་གཞི་ཆེན་པོ་སྤྱོད་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱིས་རྒྱལ་སྤྱིའི་འོས་འགན་བསྒྲུབ་རྒྱུ་དང་གོ་ལ་ཧྲིལ་པོར་བདེ་ཐང་ཡོང་བའི་ནང་ཞུགས་རྒྱུར་འཕེལ་རྒྱས་ཆེན་པོ་བྱུང་ནས་རང་རྒྱལ་གྱི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་དང་འགན་འཁུར་རྒྱལ་ཁབ་ཆེན་པོའི་སྣང་བརྙན་ཁྱོན་ཡོངས་ནས་མངོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། ང་ཚོས་བདེ་ཐང་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་ཚད་གཞི་དང་གཏན་འབེབས་སོགས་ཞིབ་འཇུག་དང་གྲོས་མོལ་བྱ་རྒྱུའི་ནང་ཧུར་ཐག་ཞུགས་ནས་རང་རྒྱལ་གྱིས་རྒྱལ་སྤྱིར་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གནད་ཆེ་དང་ཚབས་ཆེ་ཐོན་པར་ཁ་གཏད་གཅོག་པའི་འཕྲལ་སྡོམ་གྱི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“རྒྱུད་གཅིག་ལམ་གཅིག”སྐྲུན་པའི་ལམ་རྒྱུད་རྒྱལ་ཁབ་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་བར་ཤུགས་སྣོན་རྒྱག་དགོས་ཞེས་ནན་བཤད་གནང་བ་རེད།