མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་ཚན་པ་
2ལ་གཟི་བརྗིད་མཚན་སྙན་གནང་བ་དང་ཚན་པ་4དང་མི་སྒེར་15ལ་བྱས་རྗེས་བཀོད་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་ཚན་པ་2ལ་གཟི་བརྗིད་མཚན་སྙན་གནང་བ་དང་། ཚན་པ་4དང་མི་སྒེར་15ལ་བྱས་རྗེས་བཀོད་པ་རེད།
         77656དཔུང་སྡེ་ལ“ས་མཐོའི་མཐའ་སྲུང་དཔེ་བཟང་དམག་སྒར”གྱི་གཟི་བརྗིད་མཚན་སྙན་གནང་བ་རེད། བཀའ་རྒྱའི་ནང་དམག་སྒར་དེས་དམག་སྟོབས་ཆེ་རུ་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་པ་དང་། རང་རེའི་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་བ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཧུར་ཐག་བྱས་པ་མ་ཟད། ད་དུང་ལྷག་བསམ་རྣམ་དག་བྱ་རྒྱུ་བླ་སྲོག་དང་། དངོས་འཛིན་དངོས་སྒྲུབ་བྱ་རྒྱུ་གཞི་རྩ། ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་གཟི་བརྗིད་བཅས་སུ་བརྩིས་ནས་མཐའ་མཚམས་བཀག་སྡོམ་དང་། བརྟན་ལྷིང་སྲུང་སྐྱོང་། ཡོམ་འགོག་གེགས་སེལ་སོགས་ཀྱི་ལས་འགན་ཆེན་པོ་གཟེངས་སུ་ཐོན་པའི་སྒོ་ནས་བསྒྲུབས་ཤིང་། ནམ་ཡང་བཙའ་མི་རྒྱག་པའི་ལྕགས་གཟེར་བཞིན་མེས་རྒྱལ་གྱི་ལྷོ་ནུབ་ཀྱི་མཐའ་མཚམས་སུ་བརྟན་པོར་ཚུགས་ཡོད་ཅེས་འཁོད་ཡོད་པ་རེད། བཀའ་རྒྱའི་ནང་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་དམག་སྒར་དེར་སློབ་སྦྱོང་ཧུར་ཐག་བྱེད་དགོས་ཤིང་། ཁོང་ཚོ་དང་འདྲ་བར་རྒྱུན་འཁྱོངས་ལྷོད་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་བསམ་བློར་དྲག་ཆས་སྤྲས་ཏེ་དཔོན་དམག་གི་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་དང་ལེན་མཐའ་གཅིག་ཏུ་ཞུ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱའང་བཏོན་ཡོད་པ་རེད།
         མཚོ་དམག་གི་ཆུར་འཛུལ་དམག་གྲུ་372རྟགས་ཅན་ལ“དམག་སྟོབས་ཆེ་རུ་གཏོང་རྒྱུའི་དམིགས་ཚད་སྒྲུབ་མཁན་དཔེ་བཟང་དམག་གྲུའི”གཟི་བརྗིད་མཚན་སྙན་གནང་བ་རེད། བཀའ་རྒྱའི་ནང་དམག་གྲུ་དེས་དམག་དཔུང་ནང་དངོས་སུ་ཞུགས་ཚུན་དམག་འཐབ་སྟོབས་ཤུགས་གསར་པའི་དཔུང་སྡེའི་དམིགས་བསལ་གྱི་ལས་འགན་ཐོག་མཐའ་བར་གསུམ་དུ་སེམས་སུ་བརྟན་པོར་ངེས་ཏེ“གདོང་ལེན་དམག་གྲུ”དང“དམག་གྲུ་གཙོ་བོ”ལ་འགྱུར་རྒྱུའི་འབད་བརྩོན་ལྷོད་མེད་བྱས་ནས་ཨང་དང་པོ་མང་པོ་ཞིག་བཏོད་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཀྱང་རྒྱུན་འཁྱོངས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དམག་གྲུ་དེས་དམག་སྟོབས་ཆེ་རུ་གཏོང་རྒྱུའི་དམིགས་ཚད་ལ་དམ་པོར་དམིགས་ཏེ“གཞན་ལས་ལྷག་པའི་བསམ་པ་རྣམ་དག་བྱེད་ཐུབ་པ་དང་། གཞན་ལས་ལྷག་པའི་འགན་འཁུར་ཕོད་པ། གཞན་ལས་ལྷག་པའི་གཞུང་སེམས་དྲང་བ། གཞན་ལས་ལྷག་པའི་དམག་འཐབ་བྱེད་ཐུབ་པ”བཅས་ཀྱི“མཚོ་ཐོག་ལྕགས་ཀྱི་ཁུ་ཚུར”གྱི་སྙིང་སྟོབས་སྐྱེད་སྲིང་ཤུགས་ཆེན་བྱས་པ་དང་། དམག་གྲུ་རུ་ཁག་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ་དང་ཁྱོན་ཡོངས་ནས་ཉམས་སད་ཐེག་པར་བྱས་པ། དམག་འཐབ་བྱེད་ནུས་ཇེ་ཆེར་བཏང་བ་མ་ཟད། ད་དུང་དམག་གྲབས་ཀྱི་མཚོ་ཐོག་རྒྱང་སྐྱོད་དང་ཆུ་འོག་འབར་མདེལ་དབྱུག་འཕེན་སོགས་ཀྱི་ལས་འགན་གལ་ཆེན་གཟེངས་སུ་ཐོན་པའི་ངང་བསྒྲུབས་ཡོད་ཅེས་འཁོད་ཡོད་པ་རེད། བཀའ་རྒྱའི་ནང་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་དམག་གྲུ་དེར་སློབ་སྦྱོང་ཧུར་ཐག་བྱེད་དགོས་ཤིང་། ཁོང་ཚོ་དང་འདྲ་བར་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་དེས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་བླ་གསོ་མི་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པ་མ་ཟད། ད་དུང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུའི་བསམ་བློའི་གཞི་རྩ་བརྟན་དུ་ཏན་ཏིག་གཏོང་དགོས་པ་དང་། ཁོང་ཚོ་དང་འདྲ་བར་དམག་འཐབ་བྱེད་ནུས་ཞེས་པའི་རྩ་བའི་ཚད་གཞི་གཅིག་པུ་དེ་མཐའ་འཁྱོངས་ཀྱིས་བསམ་བློ་ཚང་མ་དམག་རྒྱག་རྒྱུར་གཏོང་བ་དང་། ནུས་ཤུགས་ཚང་མ་དམག་རྒྱག་རྒྱུར་འདོན་པ། “དཀའ་སྡུག་ལ་མི་སྐྲག་པ་དང་ཤི་རྒྱུར་མི་སྐྲག་པའི”ཞུམ་མེད་བློ་སྟོབས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་པ་བཅས་ཀྱི་ཐོག་ནས་དགྲ་བོ་ཟིལ་གྱིས་གནོན་པ་དང་རྒྱལ་ཁ་མྱུར་དུ་ལེན་པའི་ཉམས་སད་ཐེག་པའི་འཇོན་ཐང་ཆེན་པོ་ལྡན་ཐུབ་པའི་འབད་བརྩོན་བྱེད་དགོས་ཞེས་བླང་བྱའང་བཏོན་ཡོད་པ་རེད།
         ལས་འགན་སྒྲུབ་རིང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་66114དཔུང་སྡེར་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། དམག་ཤུགས་འཛུགས་སྐྱོང་བྱེད་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་91515དཔུང་སྡེ་དང་། 94669དཔུང་སྡེ། 96261དཔུང་སྡེ་བཅས་ལ་བྱས་རྗེས་རིམ་པ་གཉིས་པ་བཀོད་པ་རེད།
         63620དཔུང་སྡེའི་ཁང་དང་པོའི་ཞིབ་འཇུག་པ་ཁྲེན་ཏེ་མིན་ལ་་བྱས་རྗེས་རིམ་པ་དང་པོ་བཀོད་པ་དང་། མཚོ་དམག་ལས་གྲྭ་སློབ་ཆེན་དམག་གྲུ་ལས་གྲྭའི་ཚན་ཁག་གི་དམག་གྲུའི་ནུས་པའི་སློབ་ཁྲིད་ཞིབ་འཇུག་ཁང་གི་དེ་སྔའི་དགེ་རྒན་ཆེ་མོ་བ་ཏུང་ཝུན་ཚའེ་དང་61786དཔུང་སྡེའི་དེ་སྔའི་ཞིབ་འཇུག་པ་ཧྥང་ཕིང་ལ་བྱས་རྗེས་རིམ་པ་དང་པོ་སྣོན་འགོད་བྱས་པ་རེད།
         མཚོ་དམག་ལས་གྲྭ་སློབ་ཆེན་གློག་རྡུལ་ལས་གྲྭ་སློབ་གླིང་བཀོད་འདོམས་ཆ་འཕྲིན་མ་ལག་ལས་གྲྭའི་སློབ་ཁྲིད་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ལི་ཅིང་ཧུའེ་དང་། མཚོ་དམག་ལས་གྲྭ་སློབ་ཆེན་སྦྱོང་བརྡར་པུའི་དཔེ་ལད་འདྲ་བཟོ་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་ཀྲང་ཞའོ་ཧྥུང་། མཚོ་དམག་མཁའ་སྐྱོད་ལས་གྲྭ་སློབ་གླིང་ཆ་འཕྲིན་མཉམ་འདྲེས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དགེ་རྒན་ཆེ་མོ་བ་ཝང་གོ་ཧུང་། དཔུང་སྡེའི་92857རུ་དཔོན་གཞོན་པ་ཞིབ་འཇུག་པ་ཀྲོང་ཡ་ཕིང་། དཔུང་སྡེའི་92537ཁང་ཞིག་གི་ཞིབ་འཇུག་པ་ཝང་ཧུང་པིན། མཁའ་དམག་ལས་གྲྭ་སློབ་ཆེན་ཚན་ཞིབ་པུའི་གོ་མཚོན་འཕེལ་རྒྱས་དང་བེད་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་པོ་ཕུང་། 95899དཔུང་སྡེའི་སུའོ་ཞིག་གི་མཐོ་རིམ་བཟོ་བཀོད་པ་ཧའུ་ཅན། མཁའ་དམག་གདུགས་མཆོང་དམག་དཀྱུས་སློབ་གླིང་གདུགས་མཆོང་དམག་འཐབ་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ཀྲང་ཏའོ་ཁྲེ། 96658དཔུང་སྡེའི་ཡན་ལག་རུ་ཁག་203པའི་ཞིབ་འཇུག་པ་དབྱང་ཀོང་སུང་། 96658དཔུང་སྡེའི་ཡན་ལག་རུ་ཁག་204པའི་ཞིབ་འཇུག་པ་ཁྲེན་ཞའོ་ཧྥུང་། 61486དཔུང་སྡེའི་ཡན་ལག་རུ་ཁག་21པའི་ཞིབ་འཇུག་པ་སུན་ཀྲེང་མིན། དེ་སྔའི་ཧྲེན་དབྱང་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་སྙིང་གི་ཁྲག་རྩའི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་ཧན་ཡ་ལིང་བཅས་ལ་བྱས་རྗེས་རིམ་པ་གསུམ་པ་བཀོད་ཡོད་པ་རེད།