མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་
བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་
འཇགས་སྲུང་ཡོལ་བརྟན་པོ་ཞིག་མཐའ་གཅིག་ཏུ་སྐྲུན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་26ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་
བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་
འཇགས་སྲུང་ཡོལ་བརྟན་པོ་ཞིག་མཐའ་གཅིག་ཏུ་སྐྲུན་དགོས་པའི་ནན་བཤད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་རང་རྒྱལ་གྱིས་རྒྱུན་སྲིང་འཕེལ་རྒྱས་ཡོང་བ་བྱེད་པའི་རྨང་གཞི་གལ་ཆེ་ཤོས་ཡིན། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྣོད་བཅུད་ཡིན་པ་དང་། འགན་འཁྲི་ཆེ་ཤོས་སྣོད་བཅུད་ལ་གནས་པ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དེ་ཡང་སྣོད་བཅུད་ལ་ཡོད་པས་ངེས་པར་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་གྱིས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ནས་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         སྟོན་ཟླ་འབྲིང་གི་མཚོ་སྔོན་ས་མཐོར་ས་འཛིན་མུ་ཁྱུད་འབྲེལ་ནས་ཡུལ་ལྗོངས་ལྟ་ན་སྡུག ཟླ་8ཚེས་22ནས་24ཉིན་བར་ཞིས་ཅིན་ཕིང་གིས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་དང་ཧྲེང་ཀྲང་ཧའོ་ཕུང་གི་ཕེབས་རོགས་འོག་མཚོ་ནུབ་དང་། མཚོ་ཤར། ཟི་ལིང་སོགས་ལ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དོན་འཁྱོལ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ལས་ཀ་སྒྲུབ་ཚུལ་ལ་རྟོག་ཞིབ་གནང་བ་རེད།
         ཟླ་8ཚེས་22ཉིན་གྱི་སྔ་དྲོ་ཞིས་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་གོར་མོ་གྲོང་ཁྱེར་ལ་ཕེབས་འབྱོར་བྱུང་ཞིང་། ཕྱི་དྲོ་རླངས་འཁོར་ལ་བཞུགས་ནས་ཚྭ་འདམ་གཤོངས་སའི་ཁྲའར་ཧན་ཚྭ་མཚེའུ་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁྲའར་ཧན་ཚྭ་མཚོ་ནི་རང་རྒྱལ་གྱི་ཚྭ་མཚོ་ཆེ་ཤོས་དེ་ཡིན་ལ། འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོའི་གྲས་ཤིག་ཀྱང་ཡིན། མཚོ་སྔོན་གྱིས་འདི་གའི་ཚྭ་མཚོའི་ཐོན་ཁུངས་ལ་བརྟེན་ནས་དུས་རབས་གོང་མའི་ལོ་རབས་50པ་ནས་བཟུང་ཚྭ་འགྱུར་བཟོ་ལས་འཕེལ་རྒྱས་བཏང་ཡོད། ད་ཆ་མཚོ་སྔོན་གྱི་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིར་ཅཱ་ཚྭ་དང་། བ་ཚྭ། མཱེ་ཚྭ། ལི་ཚྭ། ཁིལ་འགྱུར་བུལ་ཏོག་བཅས་ཐོན་ལས་ཚོགས་5ཡོད་པའི་ནང་། ལྕགས་རིགས་མཱེའི་རྣམ་གྲངས་ནི་རྒྱལ་ཁབ་ཀྱི་ཁག་དང་པོའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་13གྱི་གྲས་ཤིག་ཡིན་པའི་ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་གྱི་ལྟེ་བའི་རྣམ་གྲངས་ཤིག་ཡིན་པ་རེད།
         མཚོ་མཚོའི་གྲུ་ཁར་ཁོང་གིས་ཚྭ་འདམ་གཤོངས་སའི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་ངོ་སྤྲོད་གསན་པ་དང་། ཁེ་ལས་ཀྱིས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་ངང་བེད་སྤྱོད་དང་ཐོན་ལས་ལག་རྩལ་ལེགས་སུ་གཏོང་རྒྱུར་སྐུལ་མ་བཏང་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཁིལ་འགྱུར་ཅཱ་དང་། ཆིང་དབྱང་འགྱུར་ཅཱ། ཅཱ་ལྡན་ཟེ་ཚྭའི་སྐྱུར། ལིའི་གློག་རྫས། མཱེ་ལྕགས་བསྲེས་མ་སོགས་ཀྱི་ཚྭ་འགྱུར་བཟོ་ལས་ཐོན་ཟོག་འགྲེམས་སྟོན་ལའང་གཟིགས་པ་རེད། དེ་རྗེས་ཁོང་གིས་འཕྲང་ལམ་བརྒྱུད་ཞབས་ཐང་དུ་ཚྭ་མཚོའི་འགྲམ་དུ་ཕེབས་ཏེ་དེང་རབས་ཅན་གྱི་འཕྲུལ་ཆས་ཀྱིས་ཚྭ་འདོན་པར་གཟིགས་པ་དང་འབྲེལ་ཚྭ་མཚོའི་ཐོན་ཁུངས་གསོག་འཇོག་དང་། བདག་ཉར། གསར་སྤེལ། བེད་སྤྱོད་བཅས་བྱས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞིས་ཅིན་ཕིང་གིས་ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་ཆེ་ཤོས་དེ་ཡིན་ལ། རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཀྱང་ཡིན་པས། ངེས་པར་དུ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་ཐོན་ཁུངས་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་བར་བརྒྱུད་དགོས་ངེས་ཤིག་ཡིན་པས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ས་ཁོངས་ནང་གི་འབྲེལ་ཡོད་ཐོན་ལས་ཀྱི་བརྒྱུད་རིམ་དང་། ལག་རྩལ། བཟོ་རྩལ་གསར་གཏོད་བཅས་ལ་སྐུལ་མ་ཧུར་ཐག་བཏང་སྟེ། ཟད་གྲོན་ཆུང་བ་དང་། བཙོག་འབུད་ཉུང་བ། ཕན་འབྲས་ཆེ་བ་བཅས་ཡོང་བ་བྱས་ནས་རྩ་ཆེའི་ཐོན་ཁུངས་ཚྭ་མཚོས་མི་དམངས་ལ་མུ་མཐུད་ཕན་ཐོགས་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་ཚྭ་མཚོའི་གྲུ་ཁ་ནས་ཞལ་གྱེས་ཏེ་རླངས་འཁོར་ནང་བཞུགས་ནས་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་ཆུ་འགོའི་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། དེ་ནི་བོད་རིགས་སྡོད་སའི་གྲོང་ཚོ་ཞིག་ཡིན་པ་དང་གནས་སྤོས་མི་སེར་གཞིས་ཆགས་བྱེད་གནས་ཤིག་ཀྱང་ཡིན། 2004ལོའི་ཟླ་11པར་དུད་ཚང་128ཀྱི་འབྲོག་པ་407གྱིས་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་ལ་བརྡ་ལན་ཧུར་ཐག་ཞུས་ཏེ་སྤྱི་ལེ་400ལྷག་ཙམ་གྱིས་ཆོད་པ་དང་ས་བབ་མཐོ་ཚད་སྨི་4700ཡོད་པའི་ས་ནས་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་གནས་སྤོས་བྱས། ཞིས་ཅིན་ཕིང་རླངས་འཁོར་ནས་བབས་མ་ཐག་གྲོང་ཚོའི་བསླབ་རྒན་ཀྲི་པུའུ་ཧྲུའུ་ཅི་ཀུན་དགའ་རྣམ་རྒྱལ་གྱིས་མདུན་དུ་བཅར་ནས་ཁོང་ལ་མཇལ་དར་བསྒྲོན་པ་དང་ཡུལ་མི་ཚོས་ཁོང་ལ་ཕྱེ་མར་དང་ཆང་ཕུད་བཀྱག ཞིས་ཅིན་ཕིང་གིས་གྲོང་ཚོ་དེའི་སྣོད་བཅུད་བཟང་བར་ཡུལ་མི་གནས་སྤོས་དང་། མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་སོགས་སྐོར་གྱི་གྲོང་ཚོ་ཨུ་ལྷན་གྱི་ངོ་སྤྲོད་གསན། དེ་རྗེས་གྲོང་ཚོའི་རྣམ་པར་གཟིགས་པར་ཕེབས་པ་དང་འབྲེལ་ཡུལ་མི་སེང་གེའི་ཁྱིམ་དུ་ཕེབས་ནས་སྡོད་ཁང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། དེ་གའི་ཁྱིམ་མི་དང་ཐུགས་སྣང་གཤིན་པོས་གླེང་མོལ་གནང་བ་རེད། སེང་གེས་སྣོད་བཅུད་བཟང་བར་ཡུལ་མི་གནས་སྤོ་བྱ་རྒྱུའི་སྲིད་ཇུས་བཟང་ལུགས་ཕྱོགས་མང་པོ་ནས་བསྔགས་པ་དང་སྦྲགས་རང་ཁྱིམ་གྱི་རྩྭ་ཐང་ལག་ཁྱེར་དང་སྨན་བཅོས་འགན་བཅོལ་གཱ་སྤྱི་ཁྱབ་ཧྲུའུ་ཅིར་སྤྱན་འབུལ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ཡུལ་མི་ཚོའི་ཟས་གོས་འགྲོ་སྡོད་གང་སྤྱིའི་ཆ་རྐྱེན་སྤྱིར་ན་ཡག་པོ་ཡོད་པ་དང་། ཡོང་འབབ་བརྟན་པོ་ཡོད་པ། ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོ་འགན་བཅོལ་ནང་ཞུགས་པ་མཁྱེན་རྗེས་ཐུགས་ཧ་ཅང་མཉེས་པོ་བྱུང་ནས་ཁོང་ཚོར་ཁྱེད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་ཟིན་པ་ལས་བསྐྱལ་རྒྱུ་མང་བ་བསྡད་ཡོད་ཅེས་གསུངས། ཞིས་ཅིན་ཕིང་གིས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྲིད་ཇུས་ཆེན་པོ་ཞིག་ཡིན་པ་དང་སྣོད་བཅུད་བཟང་བར་ཡུལ་མི་གནས་སྤོ་བྱ་རྒྱུ་ནི་སྲིད་ཇུས་དེ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ངེས་པར་སྒྲིག་འཛུགས་བྱས་ནས་ལག་ལེན་ཡག་པོ་བསྟར་དགོས་ཞེས་གསུངས། ཡང་ཞིས་ཅིན་ཕིང་གིས་རང་རེའི་རྒྱལ་ཁབ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་མི་རིགས་ཚང་མ་ཁྱིམ་ཚང་གཅིག་ཡིན་པས་ཚང་མས་ཕན་ཚུན་བརྩེ་བ་ཟབ་མོ་འཆང་བ་དང་ཐུན་མོང་ཐོག་མཐུན་སྒྲིལ་ཡར་རྒྱས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཚེས་23ཉིན་གྱི་སྔ་དྲོ། ཞིས་ཅིན་ཕིང་མཚོ་ཤར་གྲོང་ཁྱེར་དགོན་ལུང་གི་ཧོར་རིགས་རང་སྐྱོང་རྫོང་གི་གནས་སྤོས་དབུལ་སྐྱོར་བྱ་ཡུལ་པན་ཡན་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། གྲོང་ཚོ་གསར་པ་སྐྲུན་ཚར་ཉེར་ཡོད་པ་དང་ཁང་པ་སྟར་པ་རེ་རེའི་འཆར་འགོད་ལེགས་པོ་ཡོད། ཞིས་ཅིན་ཕིང་གིས་གྲོང་ཚོ་གསར་པའི་འཛུགས་སྐྲུན་ཇུས་གཞིའི་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་གྲོང་མིའི་ཁང་གསར་ནང་ཕེབས་ཏེ་ཁང་པའི་རྒྱ་ཁྱོན་དང་། གྲུབ་ཚུལ། སྤུས་ཚད་བཅས་ལ་ཞིབ་ཕྲ་གཟིགས་པ་མ་ཟད། སྡོད་ཁང་གསར་པའི་ཨར་སྐྲུན་ལས་ཀར་ལྟ་མཁན་ཡུལ་མི་ཚོ་དང་སྤེལ་རེས་ཀྱང་གནང་བ་རེད། དུད་ཚང་དབུལ་པོ་ཡིན་པའི་ཧོར་རིགས་ལུའུ་ཡིའུ་ཅིན་གྱི་ཁྱིམ་དུ་ཕེབས་ནས་ཞིས་ཅིན་ཕིང་གིས་ཁོའི་ནང་མི་དང་མཉམ་དུ་དེ་སྔོན་ཡུལ་མི་ཚོ་སྡོད་སའི་གྲོང་ཚོ་རྙིང་པའི་བརྙན་མཐོང་གཟིགས་པ་རེད། གྲོང་ཚོ་རྙིང་པར་སྤྱི་ལེ་7ཟིན་པའི་གཡང་གཟར་གྱི་རི་ལམ་ཞིག་ཡོད་པ་དེས་ཡུལ་མི་ཚོའི་ཕ་མེས་ཡ་ང་མེས་ཚོ་ཕྱིར་འགྲོ་མི་བདེ་བའི་ཁར། ཆུ་ཡང་དཀོན་ཚུལ་མཁྱེན་རྗེས། ཞིས་ཅིན་ཕིང་གིས་ལུའུ་ཡིའུ་ཅིན་གྱི་ནང་མིར་ཏང་དང་སྲིད་གཞུང་གིས་འཚོ་བར་དཀའ་ངལ་ཆེ་བའི་ཁྱེད་ཚོའི་གནས་སྟངས་འདི་འདྲར་ཐུགས་ཁུར་ལྷག་པར་བྱེད་ཀྱི་ཡོད་པས། གནས་སྤོས་བྱས་རྗེས་ཁྱེད་ཚོའི་འཚོ་བ་དེ་བས་སྐྱིད་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས། ཡང་ཁོང་གིས་དབུལ་སྐྱོར་ལག་དེབ་དང་དུད་ཚང་དབུལ་པོར་གནད་སྨིན་དོ་དམ་བྱེད་པའི་ལག་དེབ་ལ་གཟིགས་ནས་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་དང་། ངལ་རྩོལ་གསོ་སྦྱོང་ནང་ཞུགས་པ། ཕྲུ་གུ་སློབ་གྲྭར་འགྲོ་བ། མཉམ་ལས་སྨན་བཅོས་དང་རྒན་གསོ་འགན་བཅོལ་ལོངས་སྤྱོད་སོགས་ཀྱི་དབུལ་སྐྱོར་བྱ་ཐབས་དོན་འཁྱོལ་ཇི་འདྲ་བྱུང་མིན་སྐོར་རེ་རེ་བཞིན་བཀའ་འདྲི་གནང་བ་རེད། ཞིས་ཅིན་ཕིང་གིས་ཡུལ་མི་གནས་སྤོས་བྱ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་ཡོང་བའི་ནུས་ལྡན་བྱ་ཐབས་ཤིག་ཡིན་པས། ཡུལ་མི་གནས་སྤོས་བྱེད་པར་ཞིང་པ་མང་ཚོགས་ཀྱི་བསམ་འཆར་གང་ལེགས་ཉན་ནས་ཁོང་ཚོ་གྲོང་ཚོ་གསར་པའི་འཆར་འགོད་ནང་ཞུགས་སུ་འཇུག་དགོས། གྲོང་ཚོ་གསར་པ་བསྐྲུན་རྒྱུ་དེ་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། མི་རིགས་དང་། ས་ཁོངས། རིག་གནས་བཅས་ཀྱི་ཁྱད་ཆོས་དང་རྣམ་པ་སྲུང་སྐྱོང་བྱ་རྒྱུ་བཅས་དང་ཟུང་འབྲེལ་བྱེད་དགོས་ཞེས་གསུངས།
         ཚེས་23ཉིན་གྱི་ཕྱི་དྲོ། ཞིས་ཅིན་ཕིང་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ཞིང་ཆེན་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་རྒྱལ་ཁབ་གློག་གཏོང་རྨ་ཆུའི་ཆུ་གློག་དང་ཉི་ནུས་གློག་ཤུགས་ཚད་ཡོད་ཀུང་སིའི་ཟི་ལིང་ཡན་ལག་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཞིང་ཆེན་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཞིས་ཅིན་ཕིང་གིས་བརྒྱུད་ལམ་སྣེ་མང་ནས་བསྟན་པར་གཟིགས་པ་དང་ཞིང་ཆེན་དེ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གནས་ཚུལ་ཧྲིལ་པོ་དང་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་ཀའི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད། རྒྱང་ཚོར་བརྙན་ལམ་བརྒྱུད་རྨ་ཆུའི་ཆུ་འགོའི་མཚོ་སྔོ་རེངས་དང་སྐྱ་རེངས་དང་། རྣམ་སྲས་ཟླ་ཆུའི་རོང་ཆེན། ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེའི་ལྷོ་འདབས། མཚོ་བོད་ལྕགས་ལམ་གྱི་སྨུག་སའི་སོག་ལམ་བྱང་གི་ཟམ་ཆེན་སོགས་ལ་བབ་བསྟུན་ལྟ་ཞིབ་ཚད་ལེན་ས་ཚུགས་ལ་གཟིགས་པ་དང་འབྲེལ། རྨ་སྟོད་རྫོང་གི་རྨ་ཆུའི་ཆུ་འགོའི་མཚོ་སྔོ་རེངས་དང་སྐྱ་རེངས་དང་། རྫ་སྟོད་རྫོང་གི་རྣམ་སྲས་ཟླ་ཆུའི་རོང་ཆེན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་གཉིས་ཀྱི་གཞི་རིམ་ལས་བྱེད་པ་དང་ལྟ་སྲུང་བར་བརྙན་ལམ་ཐོག་ནས་བཀའ་མོལ་གནང་ནས་ཁོང་ཚོའི་སྣོད་བཅུད་སྲུང་སྐྱོང་གི་གནས་ཚུལ་སྙན་སེང་གསན་པ་མ་ཟད། ལྟ་སྲུང་ལས་ཀ་ཡག་པོ་བྱ་རྒྱུའི་ཐད་སྤེལ་རེས་ཟབ་མོ་གནང་བ་རེད། ཞིས་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་སྦྲགས། ཚང་མར་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཕྱར་བ་གྲུ་འདེགས་ངང་མཚོ་མཚེའུ་དང་། རྩྭ་ར། ཆུ་བོ། བདག་ཏུ་མ་བཟུང་བའི་སྲོག་ཆགས་སོགས་ཀྱི་སྣོད་བཅུད་ཐོན་ཁུངས་བདག་སྐྱོང་ཡག་པོ་བྱས་ཏེ་ཐོན་སྐྱེད་དང་འཚོ་བ་ཉིན་རེ་བཞིན་ཡག་པོ་ཡོང་བའི་ཐུགས་རེའང་གནང་ཞིང་། ཁོང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པར་དང་ཐོག་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་དང་བབ་བསྟུན་ངང་ཁོང་དུ་ཆུད་པ་བྱས་ནས་སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཡག་པོ་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱེད་རྒྱུའི་རྨང་གཞིའི་ལས་ཀ་འདི་ཡག་པོ་སྒྲུབ་དགོས་ཞེས་གསུངས།
         རྒྱལ་ཁབ་གློག་གཏོང་རྨ་ཆུའི་ཆུ་གློག་དང་ཉི་ནུས་གློག་ཤུགས་ཚད་ཡོད་ཀུང་སིའི་ཟི་ལིང་ཡན་ལག་ཀུང་སིར་ཕེབས་ནས། ཞིས་ཅིན་ཕིང་གིས་དེ་གའི་ཁེ་ལས་ཀྱིས་འོད་ཤུགས་ཀྱི་ཐོན་ལས་འབྲེལ་ཐག་དང་། དེ་བཞིན་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ། ཐོན་ལས་གཉེར་སྐྱོང་སོགས་འཕེལ་རྒྱས་བཏང་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། འཁོར་ཁང་དུ་ཕེབས་ནས་ཉི་ནུས་གློག་རྫས་ཐོན་སྐྱེད་བརྒྱུད་རིམ་དང་ཐོན་ཟོག་གི་འགྲེམས་སྟོན་ལ་གཟིགས་ནས་ཀུའེ་ལེབ་རིས་བཟོ་དང་། རྐོས་རྒྱག རྩི་གཏོང་། དར་སྐུད་པར་འདེབས། དྲོད་མཐོའི་བསྲེགས་སྦྱོར་སོགས་ཀྱི་ཐོན་སྐྱེད་བཟོ་རྩལ་ལའང་མཁྱེན་རྟོགས་གནང་བ་རེད། ཁོང་གིས་མཚོ་སྔོན་གྱིས་ཉི་འོད་ཕོག་ཤུགས་ཆེ་བ་དང་ཉི་ནུས་དང་ཚ་ནུས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་བཏང་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞིས་ཅིན་ཕིང་གིས་འོད་ཤུགས་གློག་གཏོང་ཐོན་ལས་འཕེལ་རྒྱས་གཏོང་བར་འཆར་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཚད་ལྡན་དང་གོ་རིམ་ལྡན་པ་ཡོང་བ་བྱ་རྒྱུ་མངོན་གསལ་དོད་པོར་འཇོག་དགོས་ཞེས་གསུངས་པ་དང་། ཁོང་གིས་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་ཁྲིད་ནས་གསར་གཏོད་ཀྱི་ནུས་པ་མཐོ་རུ་བཏང་སྟེ་གསར་གཏོད་ཀྱི་གྲུབ་འབྲས་དང་ཐོན་ཟོག་སྔར་བས་མང་བ་དང་ཡག་པ་ཐོན་རྒྱུར་འབད་བརྩོན་བྱས་ནས་གསར་གཏོད་དང་འཕེལ་རྒྱས་ཐད་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་ཐུབ་རྒྱུའི་ཐུགས་རེ་གནང་བ་རེད།
         རྟོག་ཞིབ་གནང་རིང་། ཞིས་ཅིན་ཕིང་གིས་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་ལས་དོན་ཁག་ལ་གདེང་འཇོག་གང་ལེགས་གནང་ཞིང་། ཁོང་གིས་སྔོན་ལ་སྣོད་བཅུད་ཤེས་དཔལ་ཁུལ་དང་། སྔོན་ལ་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་ཁུལ། སྔོན་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་ཁུལ་སྐྲུན་པའི་ནང་མཚོ་སྔོན་གྱིས་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས།
         ཞིས་ཅིན་ཕིང་གིས་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་ཡོངས་ཀྱིས་ངེས་པར་དམ་འཛིན་ནན་པོ་དང་ཡག་པོ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། ཡིད་ཆེས་ཆེན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཁར། འཕེལ་རྒྱས་འགྲོ་བར་ཚོད་འཛིན་བཟོ་བའི་གྲུབ་ཆ་དང་སྒྲིག་གཞིའི་འགལ་བ་དང་གནད་དོན་དམིགས་སུ་བཀར་ནས་ཐག་གཅོད་བྱས་ཏེ་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་ཧུར་ཐག་གཏོད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དཔལ་འབྱོར་ལས་དོན་སྒྲུབ་པའི་གཙོ་རྐང་དུ་བརྩིས་ནས་ད་ཡོད་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་སྐུལ་ཁྲིད་དང་སྡེབ་སྒྲིག ད་ཡོད་ཀྱི་མཁོ་སྤྲོད་གྲུབ་ཆ་བཟང་སྒྲིག ད་ཡོད་ཀྱི་ཐོན་ཟོག་དང་ཞབས་ཞུའི་ནུས་པ་བཟང་སྒྲིག་བཅས་ཡོང་བར་ཤུགས་སྣོན་བརྒྱབ་ནས་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་བཏང་སྟེ་དཔལ་འབྱོར་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་དང་འདེགས་སྐྱོར་གསར་པ་ཞིག་ཡོང་བར་བྱེད་དགོས་ཞེས་གསུངས།
         ཞིས་ཅིན་ཕིང་གིས་མཚོ་སྔོན་གྱི་སྣོད་བཅུད་གནས་བབ་གལ་འགངས་ཆེ་ལ་དམིགས་བསལ་ལྡན་པས། ངེས་པར་དུ་གཙང་གསུམ་ཆུ་འགོ་སྲུང་སྐྱོབ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་དགོས། སྲུང་སྐྱོབ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་རང་བྱུང་སླར་གསོ་དང་མི་ཐབས་ལ་བརྟེན་ནས་སླར་གསོ་བྱ་རྒྱུ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དོན་དངོས་དང་བསྟུན་ནས་བྱེད་པོའི་ནུས་པའི་ཁུལ་གྱི་འཆར་འགོད་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་འགན་ལེན་བྱེད་པའི་བྱེད་པོའི་ནུས་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། སྣོད་བཅུད་འདུ་འགོད་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་། ཁོར་ཡུག་བཅོས་སྒྲིག མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་གསེབ་བསྐྲུན་རྒྱུ་བཅས་ལ་སྤྱི་འདོམས་ཐོག་སྐུལ་འདེད་གཏོང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཡག་པོ་སྒྲུབ་པ། མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། བྱེ་འགྱུར་འགོག་བཅོས་དང་མཐོ་གྲང་རྩྭ་ཐང་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། རྨོ་བསྐྱུར་རྩྭ་གསོ་དང་སྐྱས་སྤོས་རྩྭ་གསོ། བྱང་གསུམ་ནགས་སྲུང་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ”ནམ་ཡང་གནས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཡོད། རིམ་ཁག་ཏང་སྲིད་སྡེ་ཚན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“གྲུབ་འབྲས་མི་ཐོབ་བར་དུ་མཚམས་མི་འཇོག་པའི”བློ་བརྟན་འགྱུར་མེད་ཀྱི་ཆོས་སེམས་དང་སྙིང་རུས་ཀྱི་ཐོག་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ཏེ་དངོས་འབྲེལ་དབུལ་སྒྲོལ་ཐུབ་པ་བྱེད་དགོས། ཕྱོགས་བསྡུས་ཇུས་འདོན་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་སྲིད་ཇུས་མང་བ་དང་། ཐབས་ལམ་མང་བ། བྱེད་ཐབས་མང་བ་བཅས་ཀྱི་ཕྱོགས་བསྡུས་མཉམ་ཤུགས་ཆགས་པ་བྱེད་དགོས། འཚོ་གནས་ཁོར་ཡུག་ལེགས་སུ་གཏོང་བ་དང་། འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ་མ་ཟད། དབུལ་སྒྲོལ་གྱི་རྗེས་མཐུད་འཆར་གཞི་དང་། བྱེད་ཐབས། འགན་ལེན་བཅས་བརྟན་དུ་གཏོང་དགོས། ས་ཡོམ་རྒྱག་མྱོང་ཡོད་པའི་ཡུལ་ཤུལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ས་གནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས།
         ཞིས་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱས་ཏེ་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་མདུན་སྐྱོད་ཐུབ་པ་བྱས་ནས་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱས་ནས་དེ་བས་ཧུར་ཐག་དང་རང་འགུལ་གྱི་སྒོ་ནས་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་རྩ་བའི་རང་བཞིན་གྱི་རྨང་གཞིའི་ལས་དོན་ཞིག་ཡིན་ལ། ཏང་ཡོངས་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་རྟོགས་ངང་འགན་འཁྲི་ཁུར་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གཞིར་བཟུང་བྱ་བ་སྒྲུབ་སྟེ་དུས་གང་རུང་དང་གནས་ཚུལ་གང་གི་དུས་སུའང་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་གཏོར་བཤིག་གཏོང་མི་ཆོག་ལ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་འཁྱེར་ནས་ཉོ་ཚོང་བྱེད་མི་ཆོག འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་གོང་གིས་འོག་ལ་སྣེ་ཁྲིད་བྱེད་པའི་རྣམ་པ་ཟབ་མོ་ཆགས་པ་བྱེད་དགོས། ཁེ་དབང་དང་འོས་འགན་དང་། དབང་ཆ་དང་འགན་འཁྲི། ལྕགས་འདེབས་དང་གཅུན་འདོམས། ཆད་གཅོད་དང་སྲུང་སྐྱོབ་སོགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་དུ་གཏོང་རྒྱུ་དེ་མཐར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐོག་ནས་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།