མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་“བདེ་ཐང་ཀྲུང་གོའི་
2030ལོའི”འཆར་འགོད་རྩ་གནད་ལ་གྲོས་ཞིབ་བྱས་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཚོགས་འདུའི་ཐོག་བདེ་ཐང་ནི་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ཞིག མི་རིགས་གྲ་རྒྱས་དང་རྒྱལ་ཁབ་འབྱོར་ཕྱུག་གི་མཚོན་རྟགས་གལ་ཆེན་ཞིག རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་དོན་གཉེར་ཞིག་བཅས་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་དང་འབྲེལ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་བསྟུན་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུར་ལམ་ལུགས་རང་བཞིན་གྱི་ཐོག་ནས་བཀོད་སྒྲིག་ཀྱང་བྱས་ཡོད། “བདེ་ཐང་ཀྲུང་གོའི་2030ལོའི”འཆར་འགོད་རྩ་གནད་རྩོམ་བཟོ་དང་ལག་བསྟར་བྱ་རྒྱུ་དེ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་ཆབས་ཅིག་རང་རྒྱལ་གོ་ལའི་བདེ་ཐང་བཅོས་སྒྲིག་ནང་ཧུར་ཐག་ཞུགས་རྒྱུ་དང་རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི“2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ”གྱི་དམ་བཅའ་བསྒྲུབ་རྒྱུའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱས་ཡོད།
         ཚོགས་འདུའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་བདེ་ཐང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཆབས་ཅིག་རང་རྒྱལ་ལ་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། མི་འབོར་ན་རྒས་ཅན་བཅས་དང་དེ་བཞིན་ནད་ཡམས་དང་། སྣོད་བཅུད་ཁོར་ཡུག འཚོ་བ་སྐྱེལ་སྟངས་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་སོགས་ཀྱི་འགྲན་སློང་གསར་པ་འཕྲད་ཡོད་པས། མི་དམངས་ཀྱི་བདེ་ཐང་དང་འབྲེལ་བའི་གནད་དོན་གལ་ཆེན་དང་ཕུགས་ཀྱི་གནད་དོན་སྤྱི་འདོམས་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད།
         ཚོགས་འདུའི་ཐོག“བདེ་ཐང་ཀྲུང་གོའི་2030ལོའི”འཆར་འགོད་རྩ་གནད་དེ་ནི་སླད་ཕྱིན་ལོ་15རིང་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཡང་དག་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་མཐའ་འཁྱོངས། བདེ་ཐང་སྔོན་ལ་འཇོག་པ་དང་། སྒྱུར་བཅོས་གསར་གཏོད། ཚན་རིག་དང་མཐུན་པའི་འཕེལ་རྒྱས། དྲང་བཞག་གཞུང་དྲང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ་དང་། སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། བདེ་ཐང་ལ་གནོད་པའི་ཕྱོགས་གང་ཐད་ཀྱི་རྒྱུ་རྐྱེན་དམ་འཛིན་བྱེད་པ། བདེ་ཐང་གི་འཚོ་བ་ཁྱབ་གདལ་གཏོང་རྒྱུ་དང་། བདེ་ཐང་གི་ཞབས་ཞུ་བཟང་སྒྲིག བདེ་ཐང་གི་འགན་ལེན་འཐུས་ཚང་དུ་གཏོང་རྒྱུ། བདེ་ཐང་གི་ཁོར་ཡུག་བསྐྲུན་རྒྱུ། བདེ་ཐང་གི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་བཅས་གཙོ་གནད་དུ་བྱེད་པ། བདེ་ཐང་གི་སྲིད་ཇུས་ཁག་ནང་ཁྱབ་པ་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པ་དང་། བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ། བདེ་ཐང་གཞུང་དྲང་མངོན་གསལ་དོད་པོས་ལེགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
         ཚོགས་འདུའི་ཐོག་བདེ་ཐང་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་སྔོན་འགོག་མཐའ་འཁྱོངས་བྱ་རྒྱུ་གཙོ་བོར་བཟུང་ཐོག་བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་དང་ལྗང་མདོག་བདེ་འཇགས་ཀྱི་བདེ་ཐང་ཁོར་ཡུག་བཏོད་དེ་ནད་གཞི་ཉུང་དུ་གཏོང་དགོས། བདེ་ཐང་ཞབས་ཞུའི་མ་ལག་ལེགས་སྒྲིག་བཟང་སྒྲིག་བྱས་ཏེ་ནད་གཞིར་སྔ་ཙམ་བརྟག་དཔྱད་དང་། སྔ་ཙམ་སྨན་བཅོས། སྔ་ཙམ་དྲག་སྐྱེད་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པའི་ཁར་རྨང་གཞི་འགན་ལེན་དང་། གཞི་རིམ་ལ་ཤུགས་སྣོན། ལམ་སྲོལ་འཛུགས་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཐད་ཀྱི་དགོས་མཁོ་སྐོང་དགོས། མཉམ་སྐྲུན་མཉམ་སྤྱོད་བྱས་ནས་དམངས་ཡོངས་བདེ་ཐང་ཡོང་རྒྱུ་མཐའ་འཁྱོངས་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་ཡོངས་ཞུགས་རྒྱུ་སྐུལ་སློང་བཅས་བྱས་ནས་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན། ཕྱོགས་མི། ཡོང་འབབ་ཉུང་བའི་མི་ཚོགས་སོགས་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། སྒྲིག་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་གིས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། བདེ་ཐང་གི་མི་ཤུགས་ཐོན་ཁུངས་སྐྲུན་མགྱོགས་སུ་གཏོང་བ། བདེ་ཐང་གི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། བདེ་ཐང་གི་ཆ་འཕྲིན་ཅན་གྱི་ཞབས་ཞུ་མ་ལག་འཛུགས་པ། བདེ་ཐང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བདེ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
         ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས་མི་དམངས་ཀྱི་བདེ་ཐང་དེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུའི་འཐབ་ཇུས་གནས་བབ་ཐོག་བཞག་སྟེ། རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་རྒྱུ་དམ་འཛིན་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཞན་ཆ་གསབ་རྒྱུ་དམ་འཛིན་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་བྱས་ཡོད།
         ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།