མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་གཙོའི་ཧང་ཀྲོའུ་དབུ་ཚོགས་མུ་མཐུད་དུ་འཚོགས་པ་དང་
ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཚོགས་
འདུ་མཇུག་སྒྲིལ་བའི་གསུང་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་06ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་5ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཧང་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་མུ་མཐུད་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཚོགས་འདུ་མཇུག་འགྲིལ་བའི་གཏམ་བཤད་གནང་བ་རེད།
         དུས་མཚམས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་ཚོགས་འདུའི་ཐོག་ཁོངས་མི་ཁག་དང་། སྐུ་མགྲོན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ཀྱིས་ནུས་པ་དེ་བས་ཆེ་བའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངུལ་རྩ་བཅོས་སྒྲིག་དང་། ནུས་ཤུགས་ཆེ་བའི་རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག ཁོང་ཡངས་དང་མཉམ་འགུལ་རྣམ་པའི་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་བསམ་འཆར་སྤེལ་རེས་བྱས་པ་དང་གནམ་གཤིས་འགྱུར་ལྡོག་དང་། སྐྱབས་བཅོལ་བ། འཇིགས་རྒོལ་མ་རྩ་བསྡུ་སྒྲིལ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་སོགས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་གཞན་དག་ཐད་ཐུན་མོང་ཐོག་གྲོས་བསྡུར་བྱས་པར་རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
         ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ་དབུ་ཚོགས་མཇུག་འགྲིལ་ཞིང་། ཞིས་ཅིན་ཕིང་གིས་ཚོགས་འདུ་མཇུག་འགྲིལ་བའི་གཏམ་བཤད་གནང་སྐབས་འཁྲུག་ཆ་དོད་ལ་གྲུབ་འབྲས་ཀྱིས་ཁེངས་པའི་གྲོས་བསྡུར་བྱས་པ་བརྒྱུད་ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་ཡོད་ཅེས་གསུངས་པ་རེད།
         དང་པོ། ང་ཚོས་འཛམ་གླིང་དཔལ་འབྱོར་ལ་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་འཆར་འགོད་བྱ་རྒྱུའི་ཆོད་སེམས་བཅངས་ཡོད། མིག་སྔའི་འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་དང་འགྲན་སློང་མདུན་དུ་ང་ཚོས་མུ་མཐུད་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱར་བ་གྲུ་འདེགས་དང་མཉམ་ལས་གཉིས་ཕན་གྱི་རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་བ། ཐུན་མོང་ངོས་འཛིན་གཅིག་འགྲིལ་གྱིས་འགྲིལ་ཤུགས་ཆགས་པ་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་སྟངས་ཤུགས་ཆེ་བ་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། ཁོང་ཡངས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་བྱ་ཐབས་བཏོན་ཏེ་ནོར་སྲིད་དང་། དངུལ་ལོར། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་སོགས་སྲིད་ཇུས་བྱ་ཐབས་ནུས་ལྡན་བེད་སྤྱད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་བརྡ་རྟགས་བརྒྱུད་སྤྲོད་བྱེད་དགོས།
         གཉིས་པ། ང་ཚོས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕེལ་རྒྱས་གསར་གཏོད་འཆར་གཞིར་》གཅིག་གྱུར་ཐོག་གྲོས་འཆམ་བྱས་པ་དང་ཚན་རྩལ་གསར་གཏོད་ལྟེ་བར་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་དང་། སྒྲིག་སྲོལ་ལམ་སྲོལ། ཚོང་ལས་དཔེ་དབྱིབས་སོགས་ཕྱོགས་ཚང་མ་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་བ་བཅས་ཀྱི་གསར་གཏོད་ལ་སྐུལ་ཁྲིད་བྱས་ནས་གསར་གཏོད་གྲུབ་འབྲས་སྤེལ་རེས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ང་ཚོས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ཐབས་ལམ་གསར་པ་བཏོད་ཐོག ཕྱོགས་ཡོངས་ནས་འཛམ་གླིང་དཔལ་འབྱོར་དུས་ཡུན་འབྲིང་རིང་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད་ཡོད།
         གསུམ་པ། ང་ཚོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངུལ་རྩ་བཅོས་སྒྲིག་བྱས་ཏེ་འཛམ་གླིང་དཔལ་འབྱོར་གྱི་ཉམས་ཉེན་འགོག་ནུས་ཆེ་རུ་གཏོང་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞིའི་སྐལ་གྲངས་དང་བཅོས་སྒྲིག་གྲུབ་ཆ་སྒྱུར་བཅོས་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། དངུལ་རྩའི་སྒྱུར་བཅོས་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་ཡོད། ང་ཚོས་ནུས་རྒྱུའི་ཡོངས་ཁྱབ་རང་བཞིན་དང་། བསྐྱར་སྐྱེའི་ནུས་རྒྱུ། ནུས་རྒྱུའི་ཕན་འབྲས་བཅས་ཀྱི་བྱ་སྤྱོད་འཆར་གཞི་བཟོས་པ་དང་རུལ་སུངས་ལ་ངོ་རྒོལ་གྱི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་དེ་བས་མང་བ་བྱུང་ཡོད།
         བཞི་པ། ང་ཚོས་རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་གི་སྒུལ་ཤུགས་ཆེ་ཁག་གཉིས་ཀྱི་ནུས་པ་བསྐྱར་གསོ་བྱས་ཏེ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་གཏོད་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་ཐུན་མོང་ཐོག་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོ་ལ་ཧྲིལ་པོའི་ཚོང་དོན་འཕེལ་རྒྱས་འཐབ་ཇུས་》དང་གོ་ལ་ཧྲིལ་པོའི་ཕྱོགས་མང་མ་འཇོག་གི་སྒྲིག་ལམ་སྒྲོམ་གཞི་ཐོག་མ་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་གོ་ལ་ཧྲིལ་པོའི་མ་འཇོག་མཛུབ་ཁྲིད་རྩ་དོན་》བཟོས་ཡོད། མུ་མཐུད་ཕྱོགས་མང་གི་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་བྱས་ཏེ་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་དམ་བཅའ་བསྐྱར་བསྒྲགས་བྱས་ཡོད། རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་སྟོབས་ཆེའི་སྐུལ་འདེད་འོག་འཛམ་གླིང་དཔལ་འབྱོར་ལ་བསྐྱར་དུ་གསོན་ཤུགས་གསར་པ་མངོན་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         ལྔ་པ། ང་ཚོས་ཁོང་ཡངས་དང་མཉམ་འགུལ་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཉམ་ལས་གྲུབ་འབྲས་ལས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་པ་བྱ་རྒྱུའི་ཆོད་སེམས་བཅངས་ཡོད། ང་ཚོས་འཕེལ་རྒྱས་གནད་དོན་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་སྒྲོམ་གཞིའི་མངོན་གསལ་དོད་པའི་གནས་བབ་ཐོག་ཐེངས་དང་པོ་བཞག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་ཐད་བྱ་སྤྱོད་འཆར་གཞི་ཐེངས་དང་པོ་བཟོས་པ། 《ཕ་རི་སིའི་གྲོས་ཆོད་》སྔ་ཙམ་ནུས་པ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱས་པ། 《རྒྱལ་ཁབ་ཉི་ཤུ་ཚོགས་པས་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་》དང་《གོ་ལ་ཧྲིལ་པོའི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་མནའ་འབྲེལ་གྱི་གྲོས་གཞི་》བཏོན་པ་བཅས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུ་དང་མིའི་རིགས་ཡོངས་ཐུན་མོང་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན།
         ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་ཉམས་ཉེན་ལ་ཁ་གཏད་འཇལ་བའི་ལམ་སྲོལ་ནས་ཕུགས་ཕན་བཅོས་སྐྱོང་ལམ་སྲོལ་ལ་ཕྱོགས་སྒྱུར་སྔར་ལས་ལྷག་པ་བྱེད་པ་དང་གཞོགས་གཅིག་གཙོ་བོར་འཛིན་པའི་དུས་ཐུང་སྲིད་ཇུས་ནས་དུས་རིང་འབྲིང་ཐུང་གསུམ་གྱི་སྲིད་ཇུས་གལ་ཆེ་མཉམ་འཛིན་ལ་ཕྱོགས་སྒྱུར་བྱེད་པའི་དགོས་པ་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པས་འཛམ་གླིང་དཔལ་འབྱོར་ལ་འཕྲད་པའི་མངོན་གསལ་དོད་ཤོས་དང་། གལ་ཆེ་ཤོས། དགོས་གཏུག་ཆེ་ཤོས་བཅས་ཀྱི་འགྲན་སློང་ལ་མུ་མཐུད་དོ་ཁུར་བྱེད་པ་དང་། སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལམ་སྲོལ་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། གྲུབ་འབྲས་དོན་འཁྱོལ་ཏན་ཏིག་བྱེད་པ། འཛམ་གླིང་དཔལ་འབྱོར་གྱི་སྣེ་འཁྲིད་དེ་སྟོབས་ཆེ་དང་། རྒྱུན་སྲིང་། དོ་སྙོམས། ཁོང་ཡངས་བཅས་ངང་འཕར་རྒྱུ་མངོན་འགྱུར་བྱ་རྒྱུར་ང་ཚོས་ནུས་ཤུགས་མཉམ་འདོན་གྱིས་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བཅངས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཕྱོགས་ཁག་གིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འཕེལ་རྒྱས་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཁོང་གིས་ང་ཚོའི་ཐུན་མོང་གི་འབད་འཐབ་འོག་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ཐུགས་གྲ་ལེགས་འགྲིག་བྱུང་ཡོད། ད་ཐེངས་ཀྱི་ཚོགས་འདུ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་གྱུར་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་ཧང་ཀྲོའུ་ནས་སླར་ཡང་འགོ་གསར་པ་འཛུགས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         2017ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་ཧན་པའོ་དབུ་ཚོགས་གཙོ་གཉེར་གྱི་བསམ་བཀོད་དང་བསམ་གཞིག་ངོ་སྤྲོད་བྱས་པ་རེད།
         ཚོགས་འདུའི་ཐོག་《རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཀྱི་སྤྱི་བསྒྲགས་》ལ་གྲོས་འཆམ་བྱུང་བ་རེད།