མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་
རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་ཆེད་དོན་
བགྲོ་གླེང་འཛིན་གྲྭའི་སློབ་མ་དང་མཉམ་དུ་བཞུགས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་09ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དང་ཆོས་ལུགས་ལས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མའི་བཞུགས་མོལ་ཚོགས་འདུར་ཕེབས་ནས་བཞུགས་མོལ་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་ད་རེས་ཀྱི་བགྲོ་གླེང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་སྲིད་འགོ་ཁྲིད་ཀྱིས་ཆོས་ལུགས་ཀྱི་གནད་དོན་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་གཏོང་བ། སྔར་བས་བསམ་བློ་གཅིག་གྱུར་དང་ལས་འགན་ཁ་གསལ་བཟོ་བ་བཅས་བྱས་ཏེ་དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུ་དེ་རེད་ཅེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྱི་ཚོགས་འདུ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བསམ་བློ་གསར་པ་དང་། ལྟ་ཚུལ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ཅིང་། ང་ཚོས་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་ཤིང་། ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་ལ་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མི་སེམས་ལ་ཟུག་པ་དང་གོ་དོན་མཐིལ་རྟོགས་དངོས་འབྲེལ་ཡོང་བར་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུར་སྟངས་འཛིན་ཡང་དག་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ་དང་། འདུལ་ཁྲིམས་བསྟན་དོན་ནང་གི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་རྒྱས། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་ཟབ་མོ་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྟངས་འཛིན་ཡང་དག་བྱེད་པ་དང་། ཁྲིམས་སྐྱོང་རིག་ལམ་དང་ཁྲིམས་སྐྱོང་ཐབས་ལམ་མཁས་པོ་སྤྱད་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་ཐག་གཅོད་དང་སེལ་བ། ཁྲིམས་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། དགེ་མཚན་ལྡན་པ་དང་སྐྱོན་བྲལ་གྱི་ཆོས་ལུགས་འབྲེལ་བ་འཛུགས་སྐྱོང་ལ་སྟངས་འཛིན་ཡང་དག་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་སྲིད་སྐྱོང་གནས་བབ་བརྟན་གཏོང་། ཏང་གི་སྲིད་སྐྱོང་རྨང་གཞི་ཆེར་གཏོང་བཅས་ཀྱི་རྩ་བ་དེར་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། ཆོས་ལུགས་ནང་ཁུལ་དང་། ཆོས་ལུགས་དབར། ཆོས་ལུགས་དང་སྤྱི་ཚོགས་དབར་བཅས་ཀྱི་ཞི་མཐུན་མངོན་འགྱུར་ཡོང་བ་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་ཆོས་ལུགས་ལས་དོན་གྱི་སྤྱིའི་དུས་བབ་ཡག་པོ་ཡོད་པ་དང་། ཆོས་ལུགས་ཁྱབ་ཁོངས་སུ་སྤྱིའི་ཆ་ནས་ཞི་མཐུན་དང་བརྟན་ལྷིང་གི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱུང་བ་དང་དུས་མཚུངས་ཆོས་ལུགས་ལས་དོན་ལ་ཞིབ་འཇུག་གིས་ཐག་གཅོད་དགོས་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁ་ཤས་འཕྲད་ཡོད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་འགལ་བ་གཙོ་བོ་དམ་འཛིན་གྱིས་དེང་སྐབས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་དོད་པོར་ཞིབ་འཇུག་བྱས་ནས་ཐག་གཅོད་ཧུར་ཐག་བྱེད་པ་དང་། ཆོས་ལུགས་ཚོགས་པར་རྒྱབ་སྐྱོར་བྱས་ནས་རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། མངའ་ཁོངས་ཕྱི་ནས་ཆོས་ལུགས་སྤྱད་དེ་སིམ་འཛུལ་བྱེད་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཆོས་ལུགས་ལས་དོན་ཁག་ཡག་པོ་སྒྲུབ་པ། སྤྱི་ཡོངས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆོས་ལུགས་ལས་དོན་གྱི་ལས་འགན་གལ་ཆེན་ཡིན། རིམ་ཁག་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ཐད་འགོ་འཁྲིད་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་སློབ་སྦྱོང་ཟབ་གཏོང་མཐའ་འཁྱོངས་དང་། ལྟ་སྐུལ་ཞིབ་བཤེར་དམ་འཛིན། སྲིད་ཇུས་ལག་བསྟར་ནན་པོ། ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དམིགས་སར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།