མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་
འཁྱོལ་བྱས་ཏེ་རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་
ཡག་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་11ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་
འཁྱོལ་བྱས་ཏེ་རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་
ཡག་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ།

           མི་དམངས་དྲ་བའི་འཕྲིན། དགེ་རྒན་དུས་ཆེན་ཐེངས་སོ་གཉིས་པ་འཆར་ཉེར་ཡོད་པའི་སྐབས་ཀྱི་ཚེས་9ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་པེ་ཅིང་གྲོང་ཁྱེར་བརྒྱད་གཅིག་སློབ་གྲྭར་ཕེབས་ནས་དགེ་སློབ་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་མིའི་རིགས་ཀྱི་ད་ལྟ་སློབ་གསོར་རག་ལུས་ཡོད་ལ། མིའི་རིགས་ཀྱི་འབྱུང་འགྱུར་ཡང་སློབ་གསོར་རག་ལུས། རྨང་གཞིའི་སློབ་གསོ་ནི་རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་གནས་བབ་ཡོད་པས། ངེས་པར་དུ་གནས་བབ་དེ་སྟངས་འཛིན་ཡང་དག་བྱས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱོགས་མང་པོ་ནས་བྱ་ཐབས་སྤྱད་དེ་རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་པ་ཡོང་བ་བྱེད་དགོས་པ་དང་། རྒྱ་ཆེའི་དགེ་རྒན་ཚོས་ཀུན་སྤྱོད་སྦྱོང་བརྡར་སྤྲོད་མཁན་གྱི་སློབ་མའི་སྣེ་ཁྲིད་པ་ཞིག་དང་། ཤེས་བྱ་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་སྣེ་ཁྲིད་པ་ཞིག བསམ་ཕྱོགས་གསར་གཏོད་བྱེད་མཁན་གྱི་སློབ་མའི་སྣེ་ཁྲིད་པ་ཞིག མེས་རྒྱལ་ལ་ལེགས་སྐྱེས་འབུལ་མཁན་གྱི་སློབ་མའི་སྣེ་ཁྲིད་པ་ཞིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་སུ་གནས་པའི་བརྒྱད་གཅིག་སློབ་གྲྭ་ནི་གསར་བརྗེ་མཁས་ཅན་རྒན་གྲས་ཡིན་པའི་དམག་སྤྱི་ཉེ་རུང་ཀྲེན་སྐུ་ངོ་མས་བཙུགས་པའི་རུང་ཀྲེན་བུ་སྤུན་སློབ་གྲྭ་ནས་འཕེལ་རྒྱས་བྱུང་བ་དང་། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲགས་ཅན་སློབ་གྲྭ་ཞིག་རེད། བརྒྱད་གཅིག་སློབ་གྲྭ་ནི་བློ་མཐུན་ཞིས་ཅིན་ཕིང་སློབ་སྦྱོང་གནང་མྱོང་ཡོད་པའི་སློབ་གྲྭ་ཞིག་ཡིན་པ་དང་། ཁོང་སློབ་ཆུང་དང་སློབ་འབྲིང་གཉིས་ཀ་སློབ་གྲྭ་དེར་སློབ་སྦྱོང་གནང་ཡོད་པ་རེད།
         རྟོག་ཞིབ་མཇུག་འགྲིལ་རྗེས་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དུས་རབས་མདུན་དུ་འཕེལ་རྒྱས་ཕྱིན་ན། ཤེས་བྱ་དང་ཤེས་ལྡན་པའི་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་ཇེ་དོད་དུ་འགྲོ་བ་དང་། སློབ་གསོའི་གནས་བབ་དང་ནུས་པའང་དེ་བས་མངོན་གསལ་དོད་དུ་འགྲོ་གི་ཡོད། རང་རྒྱལ་འདི་ཉིད་ལོ་རྒྱུས་ཐོག་འཕེལ་རྒྱས་ཡག་ཤོས་ཀྱི་དུས་སྐབས་སུ་གནས་ཡོད། འོན་ཀྱང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པར། ངེས་པར་དུ་སློབ་གསོར་མཐོང་ཆེན་བྱས་ནས་ཏང་དང་། རྒྱལ་ཁབ། མི་དམངས། དུས་རབས་བཅས་ཀྱི་དགོས་མཁོ་སྐོང་ཐུབ་མཁན་གྱི་ཤེས་ལྡན་པ་དེ་བས་མང་བ་དང་དེ་བས་ཡག་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྨང་གཞིའི་སློབ་གསོ་ནི་ཀུན་སྤྱོད་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བྱ་གཞག་ཅིག་རེད། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་ཀུན་སྤྱོད་སློབ་གསོར་དར་ཆ་གསལ་སྟོན་གྱི་སྒོ་ནས་ཤུགས་སྣོན་རྒྱག་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་མ་ཚོར་རང་བརྩི་དང་། རང་རྟོན། རང་ཚུགས། རང་འབད་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། རྨང་གཞིའི་སློབ་གསོ་ནི་མི་རིགས་ཀྱི་བྱང་ཚད་མཐོ་རུ་གཏོང་བའི་རྨང་གཞིའི་འདུ་འགོད་ཅིག་ཡིན་པས། གཞོན་ནུ་ལོ་ཆུང་གི་འཚར་ལོངས་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་ཞུ་བར་རྨང་གཞིའི་གནད་དོན་དེ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རྨང་གཞིའི་སློབ་གསོས་ཤེས་ལྡན་པའི་ལྟ་བ་ཆེན་པོ་བཙུགས་ཏེ་བྱང་ཚད་སློབ་གསོར་སྐུལ་འདེད་ཤུགས་ཆེན་བཏང་ནས་སློབ་གྲྭར་སློབ་གྲྭ་ཁྱད་ཆོས་ལྡན་པ་ཞིག་གཉེར་རྒྱུར་སྐུལ་ལྕག་བྱེད་པ་དང་། དགེ་རྒན་ལ་སློབ་ཁྲིད་ཉམས་འགྱུར་ལྡན་པ་ཞིག་བྱེད་རྒྱུར་སྐུལ་ལྕག་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་སློབ་གསོ་གཞུང་དྲང་ནི་སྤྱི་ཚོགས་གཞུང་དྲང་གི་རྨང་གཞི་གལ་ཆེན་ཞིག་རེད། སློབ་གསོ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་གཞུང་དྲང་པའི་ཕན་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་སློབ་གསོ་གཞུང་དྲང་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གཞུང་དྲང་དང་དྲང་བདེན་ལ་སྐུལ་འདེད་གཏོང་དགོས་པ་དང་། རྨང་གཞིའི་སློབ་གསོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སློབ་ཞུགས་གོང་གི་སློབ་གསོ་ཡག་པོ་གཉེར་བ་དང་ལོ་དགུའི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་བཏང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་པ་བྱེད་དགོས་པ། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱེད་དགོས་ཤིང་། ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ་བཅས་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་བ་དང་། ལྷག་པར་དུ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་དང་ཐག་རིང་ལུང་ཁུག་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་རྨང་གཞིའི་སློབ་གསོའི་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དབུལ་པོའི་སློབ་གཉེར་གྲོན་དངུལ་འགན་ལེན་བྱས་ཏེ་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། སློབ་གསོ་གནད་སྨིན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་དགོས་ཤིང་། མི་འབོར་དབུལ་པོའི་བུ་ཕྲུག་ཚོར་སློབ་གསོ་དང་ལེན་ཐུབ་རྒྱུར་གཙོ་གནད་དུ་རོགས་སྐྱོར་བྱེད་པ་དང་། དབུལ་པོའི་རྒྱུན་མི་ཆགས་པ་བྱས་ནས་ཕྲུ་གུ་ཚང་མར་རང་ཉིད་ལ་ཡིད་ཆེས་ཡོད་པ་དང་འབྱུང་འགྱུར་ལ་རེ་བ་ཡོད་པ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྨང་གཞིའི་སློབ་གསོ་ནི་སྤྱི་ཚོགས་ཡོངས་ཀྱི་བྱ་གཞག་ཅིག་ཡིན་པས། དེར་སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཚང་མས་གཞོགས་འདེགས་དམ་ཟབ་བྱེད་དགོས། སློབ་གྲྭས་བྱེད་པོའི་འགན་འཁྲི་འཁུར་ནས་སློབ་ཕྲུག་ལ་འགན་ཁུར་བ་མ་ཟད་སློབ་ཕྲུག་གི་ཁྱིམ་ཚང་ལའང་འགན་ཁུར་དགོས། ཁྱིམ་བདག་གིས་སློབ་གྲྭའི་སློབ་གསོའི་བཀོད་སྒྲིག་ལ་བརྩི་འཇོག་བྱེད་པ་དང་། དགེ་རྒན་ལ་བརྩི་བཀུར་གྱིས་གསར་གཏོད་འདོན་སྤེལ་བྱེད་པ། སློབ་གྲྭར་ཕྲུ་གུའི་སློབ་སྦྱོང་སློབ་གསོ་ཡག་པོ་གཏོང་རྒྱུར་གཞོགས་འདེགས་བཅས་བྱེད་པ་དང་ཆབས་ཅིག ཁྱིམ་ཚང་གི་ཀུན་སྤྱོད་ཡག་པོ་གསོ་སྐྱོང་བྱས་ནས་ཕྲུ་གུ་ཚོར་དཔེ་སྟོན་སྣེ་ཁྲིད་བྱེད་དགོས་པ། འབྲེལ་ཡོད་ཚན་པ་ཁག་དང་ལྷག་པར་དུ་དྲིལ་བསྒྲགས་དང་། རིག་གནས། ཚན་རྩལ། ལུས་རྩལ་བཅས་སྒྲིག་གཞིས་སློབ་ཕྲུག་ཚོར་སྤྱི་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་དང་། ལག་ལེན་ནང་ཞུགས་པ། སྦྱོང་བརྡར་མཐོར་གཏོང་བཅས་ལ་ཆ་རྐྱེན་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་མི་ཞིག་ལ་དགེ་རྒན་ཡག་པོ་ཞིག་འཕྲད་ན་དེ་ནི་མི་ཚེའི་བསོད་ནམས་ཤིག་དང་། སློབ་གྲྭ་ཞིག་ལ་དགེ་རྒན་ཡག་པོ་ཞིག་ཡོད་ན་དེ་ནི་སློབ་གྲྭ་དེའི་གཟི་བརྗིད་ཅིག མི་རིགས་ཤིག་ལ་དགེ་རྒན་ཡག་པོ་རྒྱུན་ཆད་མེད་པར་ཐོན་པ་ནི་མི་རིགས་དེའི་རེ་བ་ཞིག་བཅས་རེད། གནའ་སྔ་མོ་ནས་བཟུང་། ཀྲུང་ཧྭ་མི་རིགས་ལ་དགེ་བཀུར་སློབ་བརྩི་དང་རིག་བཀུར་ཤེས་སྤེལ་གྱི་སྲོལ་རྒྱུན་བཟང་པོ་ལྡན་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་དགེ་རྒན་ཀུན་སྤྱོད་ལྡན་པ་དང་། ལས་སྒོ་རྩེར་སོན། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་སྟོབས་ཆེན་ཞིག་དགོས་ལ། དགེ་རྒན་ཡག་པོ་འབོར་ཆེན་ཞིག་ཀྱང་དགོས། དུས་ཡུན་རིང་པོའི་ནང་། རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོའི་བྱ་གཞག་ཐད་དཀའ་སྤྱད་འབད་འབུངས་དང་། སྟོབས་ཤུགས་དང་བློ་རིག་ལེགས་སྐྱེས་སུ་ཕུལ་ཡོད། རྒྱ་ཆེའི་དགེ་སློབ་ཁྲོད་དང་སྤྱི་ཚོགས་ཡོངས་སུ་ཕུལ་བྱུང་དགེ་རྒན་གྱི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་ཀུན་སྤྱོད་དྲིལ་བསྒྲགས་དང་དར་སྤེལ་ཤུགས་ཆེན་གཏོང་དགོས། རེ་བར་རྒྱ་ཆེའི་དགེ་རྒན་ཚོས་འཁུར་འོས་པའི་ལས་འགན་དང་འགན་འཁྲི་གསལ་པོ་ཤེས་པ་བྱས་ཏེ། སློབ་མར་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་བཅས་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། སློབ་མར་སེམས་ནང་རྒྱལ་ཁབ་དང་མི་རིགས་ཡོད་པ་དང་འཁུར་བའི་འགན་འཁྲི་ཤེས་པ་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། མེས་རྒྱལ་ལ་ཞབས་འདེགས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས། བློ་ཐག་ཆོད་པོས་ཏང་དང་མི་དམངས་ལ་མཁོ་བའི་ཤེས་ལྡན་མི་སྣ་ཞིག་ཆགས་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སེམས་རྩ་འཁོལ་པོས་དགེ་རྒན་ལ་ཐུགས་ཁུར་བྱས་ཏེ། རྒྱ་ཆེའི་དགེ་རྒན་ཚོ་སེམས་རྣལ་དུ་ཕབ་ནས་སློབ་གསོའི་ལས་ལ་ཞུགས་པ་དང་། སྤྲོ་སེམས་འཁོལ་པོས་སློབ་གསོའི་ལས་ལ་ཞུགས་པ། བློ་བདེ་བག་ཕེབས་ངང་སློབ་གསོའི་ལས་ལ་ཞུགས་པ། བློ་བདེ་པོས་སློབ་གསོའི་ལས་ལ་ཞུགས་པ་བཅས་བྱེད་དུ་འཇུག་དགོས་པ་དང་། རྒྱ་ཆེའི་དགེ་རྒན་ཚོར་ལས་གནས་ཐོག་བདེ་སྐྱིད་ཚོར་སེམས་དང་། བྱ་གཞག་ཐོག་གྲུབ་འབྲས་ཐོབ་སེམས། སྤྱི་ཚོགས་ཐོག་གཟི་བརྗིད་ཚོར་སེམས་བཅས་ཡོང་བ་བྱེད་དགོས་པ། དགེ་རྒན་གྱི་ལས་གནས་དེ་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ནི་གཞོན་ནུ་ལོ་ཆུང་གཙོ་བོ་ཡིན་ལ། རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་རེ་བ་ཡང་ཡིན། སློབ་གྲྭ་འབྲིང་ཆུང་གི་སློབ་མས་རང་ཉིད་ཤེས་ལྡན་མི་སྣར་འགྱུར་བ་བྱེད་པར། ངེས་པར་དུ་སློབ་སྦྱོང་ལ་ཧུར་བརྩོན་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་སྟེ། རང་གཅུན་དང་ཀུན་སྤྱོད་འཛུགས་སྐྱོང་དང་། ཧུར་བརྩོན་ཡར་ཐོན། ཕུལ་བྱུང་དོན་གཉེར། གཟུགས་པོ་སྦྱོང་བརྡར། ལུས་སེམས་བདེ་ཐང་། བསམ་བློར་ཞུན་བརྡར། བློ་བརྟན་འགྱུར་མེད་བཅས་ཧུར་ཐག་བྱེད་དགོས་པ་དང་། སློབ་གྲོགས་ཚོས་ཀུན་སྤྱོད་བཟང་པོ་ཆགས་པ་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་སྟེ། ཆུང་བྱིས་པའི་དུས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ས་བོན་སེམས་ནང་འདེབས་པ་དང་། རྒྱལ་ཁབ་དང་། མི་དམངས། མི་རིགས་བཅས་སེམས་ནང་འཇོག་པ། སྐྱོན་བྲལ་དང་། སྤྲོ་སྣང་། ཡར་ཐོན་བཅས་ཀྱི་ཀུན་སྤྱོད་བཟང་པོ་ཆགས་རྒྱུར་སྣང་ཆེན་བཅས་བྱེད་དགོས་པ། སློབ་སྦྱོང་ལ་དགའ་ཞེན་དང་། སློབ་སྦྱོང་ལ་འབད་བརྩོན། སློབ་སྦྱོང་བྱེད་མཁས་པོ་བཅས་བྱས་ནས་ཤེས་བྱ་དོན་གཉེར་བྱེད་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་དགོས། ལུས་སེམས་བདེ་ཐང་ཡོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། འཚོ་བའི་གོམས་གཤིས་ཡག་པོ་འཇགས་པ་དང་ངལ་རྩོལ་དང་ལུས་རྩལ་གྱི་སྦྱོང་བརྡར་ནང་རྒྱུན་དུ་ཞུགས་ནས་བྱེད་སྟངས་སྣ་མང་བརྒྱུད་བག་ཕེབས་བློ་སྦྱོང་ཡོང་བ་བྱེད་དགོས་པ། དཀའ་ངལ་དང་འགལ་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་ཕོད་པ་བྱས་ཏེ་དཀའ་ངལ་ལ་མི་སྐྲག་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བསམ་བློའི་གཤིས་རྒྱུད་ཅིག་ཆགས་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་དང་། ཁོང་གིས་སློབ་གྲོགས་ཚོར་བློ་ཁ་བག་ཡངས་བྱས་ནས་རང་བྱུང་ཁམས་ལ་སྐྱོད་པ་དང་། ཉི་འོད་གང་སར་འཕྲོ་བ་བྱེད་པ། ལོ་ཟླ་རིང་པོ་བརྒྱུད་མཛེས་སྡུག་གཏོད་པ་བཅས་ཀྱི་ཐོག་ནས་སེམས་ཁམས་དྭངས་གཙང་དང་། མི་གཤིས་བཟང་བ། ཀུན་སྤྱོད་ལེགས་པ་བཅས་ཀྱི་མི་ཞིག་དང་རིག་གནས་བློ་སྦྱོང་ལྡན་པ་དང་། མི་ཆོས་དོ་ཁུར་ལྡན་པ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་མི་ཞིག་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ། སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་དང་། སློབ་གཉེར་སྒྲིག་སྲོལ་དང་། དོ་དམ་སྒྲིག་སྲོལ། འགྲོ་གྲོན་གཏོང་ཆའི་སྒྲིག་སྲོལ། ཡིག་རྒྱུགས་སློབ་བསྡུ་དང་ལས་ཞུགས་ལམ་ལུགས་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གྲྭའི་ནང་ཁུལ་གྱི་དོ་དམ་ལམ་ལུགས་དང་། མི་དོན་གླ་ཕོགས་ལམ་ལུགས། སློབ་ཁྲིད་དོ་དམ་ལམ་ལུགས་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་སྟངས་དང་། སློབ་ཁྲིད་ནང་དོན། བྱེད་ཐབས་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རིམ་ཁག་དང་རིགས་ཁག་གི་སློབ་གསོ་སློབ་གསོའི་ཆོས་ཉིད་དང་སྔར་བས་འཚམ་པ་དང་། ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་དང་སྔར་བས་འཚམ་པར་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།