མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་ཁུ་ཆིན་སི་ཅི་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཕེ་རུའི་ཙུང་ཐུང་ཁུ་ཆིན་སི་ཅི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ཐོག་ནས་ཀྲུང་ཕེའི་འབྲེལ་བ་འཕེལ་རྒྱས་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐད་མོས་མཐུན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཙུང་ཐུང་ཁུ་ཆིན་སི་ཅི་ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་སྐབས་ཐོག་མར་ཀྲུང་གོར་ཕེབས་པར་དགའ་བསུ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་པོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་དང་། ཕན་ཚུན་ཡིད་རྟོན་རུང་བའི་གྲོགས་པོ་ཡག་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་ཡག་པོ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་45སོང་རིང་། ཕྱོགས་གཉིས་པོས་ཟོལ་མེད་མཛའ་མཐུན་དང་འདྲ་མཉམ་གྱི་ལྟ་སྟངས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་ལེགས་སུ་ཕྱིན་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་མཐའ་འཁྱོངས་བྱུང་བ་བཅས་ལས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཕེ་ཕྱོགས་གཉིས་པོས་འདྲ་མཉམ་གྱི་ལྟ་སྟངས་དང་ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་བྱས་ནས་ཕན་ཚུན་དབར་ཕྱོགས་ཡོངས་ནས་ཡིད་ཆེས་ཟབ་ཏུ་གཏོང་དགོས། ང་ཚོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ནས་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་བཅས་སྒྲིག་གཞི་དང་ས་གནས་ཀྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་ཡུན་རིང་མཛའ་གྲོགས་ཀྱི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ནས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཚོང་དོན། ནུས་རྒྱུ། གཏེར་ལས། རྨང་གཞིའི་སྒྲིག་བཀོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཕྱོགས་གཉིས་པོའི་རང་མོས་ཉོ་ཚོང་གི་གྲོས་ཆོད་ལག་བསྟར་ཡག་པོ་བྱེད་པ་དང་། ཐོན་ལས་དང་མ་འཇོག་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ནུས་རྒྱུ་དང་། དེང་རབས་ཞིང་ལས། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གསར་པ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཕྱོགས་གཉིས་པོས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་རིག་གནས་དང་། སློབ་གསོ། སྨྱན་སྦྱོར། རིག་མཛོད། མཐོ་སློབ། ཡུལ་སྐོར་བཅས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་འཛིན་ཁྲིམས་སྐྱོང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རིག་གནས་དང་གསར་འགྱུར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།