མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         “དྲ་སྦྲེལ+སྲིད་དོན་ཞབས་ཞུར”མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་དང་སྲིད་གཞུང་རང་ངོས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ལ་ཕན་པ་དང་དམངས་ལ་སྟབས་བདེ་ཡོང་བ་བྱེད་པ་དང་འབྲེལ་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས“དྲ་སྦྲེལ+སྲིད་དོན་ཞབས་ཞུར”མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་དང་། སྲིད་གཞུང་རང་ངོས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁེ་ལས་ལ་ཕན་པ་དང་དམངས་ལ་སྟབས་བདེ་ཡོང་བ་བྱེད་པ་དང་འབྲེལ་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། “དྲ་སྦྲེལ+སྲིད་དོན་ཞབས་ཞུར”མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུའི་སྒྱུར་བཅོས་བཟང་སྒྲིག་བཅས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པ་དེ་སྲིད་གཞུང་གི་ལས་ཆོད་དང་ལས་དོན་ཁ་གསལ་ཚད་ཆེ་རུ་གཏོང་རྒྱུ་དང་། ལམ་ལུགས་རང་བཞིན་གྱི་ཚོང་དོན་མ་གནས་ཆུང་དུ་གཏོང་རྒྱུ། “མང་ཚོགས་ཆེད་མངགས་འགྲོ་དགོས་པ”དེ“ཆ་འཕྲིན་ཐོག་ནས་གཉེར་རྒྱུར”འགྱུར་རྒྱུ་དང“ཁེ་ལས་ཀྱིས་གང་སར་འཚོལ་དགོས་པ”དེ“སྡེ་ཚན་གྱིས་མཉམ་དུ་གཉེར་རྒྱུར”འགྱུར་རྒྱུ་བཅས་ལ་ཕན་ཐོགས་ཡོད། གཅིག་ནས་ཞབས་ཞུའི་བརྒྱུད་རིམ་བཟང་སྒྲིག་དང་བསྐྱར་སྐྲུན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྲིད་དོན་ཞབས་ཞུའི་ལས་དོན་གློག་རྡུལ་ཅན་དང་དྲ་རྒྱ་ཅན་དུ་འགྱུར་རྒྱུ་མགྱོགས་སུ་བཏང་སྟེ་རིག་ལྡན་གྲོང་ཁྱེར་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། དྲ་ཐོག་ནས་གཉེར་ཐུབ་པའི་བྱ་བ་ཡིན་ཕྱིན། མང་ཚོགས་ས་གནས་ས་ཐོག་ཏུ་ཡོང་མི་དགོས་པ་དང་། དྲ་རྒྱའི་ཐོག་དཔྱད་གཞི་ཡོད་ཕྱིན། མང་ཚོགས་ལ་སླར་ཡང་སྐྱེལ་དུ་མི་འཇུག་པ། དྲ་ཐོག་ནས་ཞིབ་དཔྱད་ཐུབ་པའི་ཆ་འཕྲིན་ཡིན་ཕྱིན། ཚན་པ་གཞན་གྱིས་སླར་ཡང་མཁོ་འདོན་བྱེད་མི་དགོས་པ་བཅས་བྱེད་དགོས། ཁེ་ལས་ཀྱི་ཐོ་འགོད་དང་། ཐོན་སྐྱེད་གཉེར་སྐྱོང་། ཐོབ་ཐང་ངོས་འཛིན། ཚོང་རྟགས་ཁེ་བེད་བདག་ཐོབ་སོགས་དང་དེ་བཞིན་གྲོང་མིའི་སློབ་གསོ་སྨན་བཅོས་དང་། ཐེམ་ཐོ་ཐེམ་ལས། སྤྱི་ཚོགས་འགན་བཅོལ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཞབས་ཞུའི་བྱ་བ་ཚང་མ་དྲ་ཐོག་ནས་བདག་སྤྲོད་དང་། གཉེར་བ། ལན་འདེབས་པ་བཅས་བྱས་ཏེ“དྲ་རྒྱའི་ཐོག་འགོད་དགོས་པ་ཚང་མ་བཀོད་ཐུབ་པ་བྱས་ནས་བྱ་བ་ཚང་མ་དྲ་ཐོག་ནས་སྤེལ་ཐུབ་པ”བྱེད་དགོས་པ་དང་། གཉིས་ནས་ཞབས་ཞུའི་ལས་སྟེགས་བཟང་སྒྲིག་དང་བསྐྱར་སྐྲུན་བྱེད་དགོས། སྲིད་གཞུང་སྡེ་ཚན་གྱི་དྲ་ཚིགས་ལ་བརྟེན་ནས་སྲིད་དོན་ཆ་འཕྲིན་དང་ཞབས་ཞུའི་སྟེགས་བུ་བསྡུ་སྒྲིལ་བྱེད་པ་དང་། དངོས་ཚན་སྲིད་དོན་ཚོམས་ཆེན་དང་དྲ་ཐོག་ཞབས་ཞུའི་སྟེགས་བུ་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཞབས་ཞུའི་བྱ་བ་ས་ཁོངས་བརྒལ་ཏེ་རྒྱང་གཉེར་དང་། རིམ་པ་བརྒལ་ཏེ་མཉམ་དུ་གཉེར་བ། སྡེ་ཚན་བརྒལ་ཏེ་མཉམ་དུ་གཉེར་བ་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ“ཕྱོགས་རྐྱང་དྲ་འཛུལ་དང་དྲ་བ་ཚང་མས་གཉེར་ཐུབ་པ”བྱེད་དགོས། ཤང་གྲོང་(ཁྲོམ་གཞུང་)དང་གྲོང་ཚོ་(སྡེ་ཁུལ་)སོགས་གཞི་རིམ་ཞབས་ཞུའི་དྲ་ཚིགས་ཀྱིས་མཉམ་སྤྱོད་ཀྱི་དྲ་བའི་ཞབས་ཞུའི་ཐོན་ཁུངས་སྤྱོད་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ནུས་པ་འདོན་སྤེལ་བྱས་ནས་གཙོ་བོ་ངལ་རྩོལ་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་རོགས་སྐྱོབ། དབུལ་སྐྱོར་དབུལ་སྒྲོལ་སོགས་ཁྱབ་ཁོངས་ལ་དམིགས་ཏེ་སྒོ་རྩར་བསྐྱོད་ནས་ལས་དོན་སྒྲུབ་པ་དང་རིན་མེད་ཚབ་གཉེར་སོགས་དམངས་ཕན་ཞབས་ཞུ་སྤེལ་དགོས་པ། གསུམ་ནས་གྲངས་གཞི་མཁོ་འདོན་བྱས་ཏེ་སྡེ་ཚན་ཁག་དང་། རིམ་པ་ཁག ལས་སྒོའི་ཁོངས་གཏོགས་ཁག་བཅས་ཕན་ཚུན་མཐུད་སྦྲེལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་མགྱོགས་མྱུར་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཁག་གི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་ལ་གྲངས་གཞི་མཁོ་འདོན་བྱས་ཏེ་2017ལོའི་ལོ་མཇུག་གོང་ཞིང་ཆེན་རིམ་པའི་སྲིད་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ལ་སྤྱི་དམངས་ལ་ཕྱོགས་པ་དང་སྒོ་དབྱེ་མཉམ་སྤྱོད་ཀྱི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་བསྐྲུན་དགོས་པ་དང་། 2020ལོའི་ལོ་མཇུག་གོང་རྒྱལ་ཡོངས་ལ་ཁྱབ་པ་དང་དྲ་བ་གཅིག་ནས་གཉེར་ཐུབ་པའི“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”མ་ལག་བསྐྲུན་དགོས་པ། བཞི་ནས་མ་ལག་དང་ཆ་འཕྲིན་བདེ་འཇགས་འགོག་སྲུང་ནུས་པར་ཤུགས་སྣོན་བརྒྱབ་ནས་ཚོང་ལས་ཀྱི་གསང་བ་དང་སྒེར་གྱི་གསང་བ་སོགས་དང་འབྲེལ་བའི་གལ་ཆེའི་གྲངས་གཞི་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ལྔ་ནས“དྲ་སྦྲེལ+སྲིད་དོན་ཞབས་ཞུ”དང་མི་འཚམ་པའི་གཏན་འབེབས་མགྱོགས་མྱུར་གཙང་སེལ་བྱས་ཏེ་དྲ་ཐོག་ལག་ཁྱེར་དང་། དྲ་ཐོག་གཞུང་ཡིག དྲ་ཐོག་ཐམ་ག་སོགས་ཀྱི་ཚད་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཐོབ་ཐང་དཔང་རྟགས་མ་ལག་གཅིག་གྱུར་ཡོང་བ་བྱེད་དགོས། ཆ་འཕྲིན་ལག་རྩལ་དང་ལམ་ལུགས་གསར་གཏོད་ལ་བརྟེན་ནས་སྲིད་གཞུང་གིས་མང་ཚོགས་ཀྱི་འདུན་པ་རྟོགས་རྒྱུ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པར་ལན་རྒྱག་པ། སྤྱི་དམངས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།
         ཚོགས་འདུའི་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། ལྕགས་རྩིབ་ཀྱི་གྲུབ་ཆ་དང་ཨར་འདམ་སོགས་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་འཕེལ་རྒྱས་བཏང་ནས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། འཛུགས་སྐྲུན་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་ནུས་ལྷག་མ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་གོ་ཉིས་ཆོད་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས་པའི་ངོས་འཛིན་བྱས་ཤིང་། ཚོགས་འདུའི་ཐོག་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་བཅས་ཀྱི་གྲོང་ཁྱེར་དང་རྒྱུན་སྡོད་མི་འབོར་ཁྲི་300ལས་བརྒལ་བའི་དེ་མིན་གྲོང་ཁྱེར་གཙོ་གནད་དུ་བྱས་ཏེ་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་གྱིས་འཛུགས་སྐྲུན་གསར་པའི་ཁྱབ་ཁོངས་བཟུང་ཚད་མགྱོགས་མྱུར་མཐོ་རུ་གཏོང་དགོས། གཅིག་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པ་བྱས་ཏེ་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་གྱི་ཚད་གཞི་འཐུས་ཚང་དུ་བཏང་ནས་འདུས་གྲུབ་ཅན་གྱི་ཇུས་འགོད་དང་། བཟོ་ལས་ཅན་གྱི་ཐོན་སྐྱེད། སྒྲིག་ཆས་ཅན་གྱི་ཨར་སྐྲུན། གཞི་གཅིག་ཅན་གྱི་མཛེས་བཟོ་བཅས་ལ་སྐུལ་འདེད་གཏོང་བ་དང་། ལྷུ་ལག་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་སྣ་ཁ་དང་ཚད་གཞི་འཐུས་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར། ཁེ་ལས་ཀྱིས་ཉེར་སྤྱོད་ལག་རྩལ་དང་། སྒྲིག་ཆས། ལག་ཆ་བཅས་ཞིབ་སྤེལ་བྱ་རྒྱུར་ཁྲིད་སྟོན། ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་རྒྱུ་ཆ་སྤྱོད་པའི་བསྡུར་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་བཟོ་སྐྲུན་བྱེད་ཐབས་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། གཉིས་ནས་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་དང་འཚམ་པའི་འགན་གཙང་སྤྲོད་པ་དང་འགན་གཙང་ལེན་པ་དང་། ཨར་སྐྲུན་ཆོག་འཐུས། ལས་གྲྭའི་གོང་ཚད། ལས་མཇུག་རྩིས་ལེན་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལས་གྲྭའི་ཇུས་གཞི་དང་། ལྷུ་ལག་ཐོན་སྐྱེད། ཨར་སྐྲུན་དང་དེ་བཞིན་ཉོ་སྒྲུབ་བཅས་གཅིག་གྱུར་དོ་དམ་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱེད་དགོས་པ། བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་གྲྭའི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པ། གསུམ་ནས་ཤེས་ལྡན་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་དཔྱད་ཞིབ་དམིགས་ཚད་ནང་བཞག་ནས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཆར་འགོད་ཞིབ་མཆན་དང་། རྨང་གཞིའི་སྒྲིག་བཀོད་ལྷན་སྦྱར། ནོར་སྲིད་ཁྲལ་འབབ་སོགས་རྒྱབ་སྐྱོར་སྲིད་ཇུས་བཟོ་རྒྱུར་སྐུལ་ལྕག་བྱེད་པ་དང་ས་གནས་ཀྱིས་མཁོ་འདོན་བྱས་པའི་གྲོས་གཞིའི་ནང་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་འཕེལ་རྒྱས་གཏོང་བའི་བསྡུར་ཚད་ཀྱི་བླང་བྱ་ཁ་གསལ་ཡོད་དགོས་པ་དང་། ཉེར་སྤྱོད་དང་། དཔལ་འབྱོར། བདེ་འཇགས། ལྗང་མདོག མཛེས་པ་བཅས་ཀྱིས་ལྷུ་སྒྲིག་རྣམ་པའི་འཛུགས་སྐྲུན་གྱི་ཞབས་ཞུའི་འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་དགོས་པ་བཅས་ཀྱི་ངོས་འཛིན་བྱས་ཡོད། ཚོགས་འདུའི་ཐོག་ད་དུང་དོན་གཞན་ལ་ཞིབ་འཇུག་བྱས་པ་རེད།