མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཟླ་8པར་གཏན་འབེབས་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་2901ཞིབ་བཤེར་
ཐག་གཅོད་བྱས། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་21ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ནས་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། 2016ལོའི་ཟླ་བ་8པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་2901ཞིབ་བཤེར་ཐག་གཅོད་བྱས་ཤིང་མི་4416ལ་ཆད་པ་བཅད་པ་དང་། མི་3196ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ་རེད།
         རྒྱལ་ཡོངས་ཀྱིས་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཚུལ་རྒྱུས་ལོན་བྱེད་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་བྱེད་མཁན་དཔུང་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་139། ཀྲུང་དབྱང་གི་ཁེ་ལས་106། ཀྲུང་དབྱང་གི་དངུལ་རྩའི་ཁེ་ལས་15བཅས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ཟླ་རེ་བཞིན་སྙན་སེང་ཞུ་བའི་ལམ་ལུགས་བཙུགས་པ་རེད།
         ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། 2016ལོའི་ཟླ་བ་8པར་གནད་དོན་2901ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེ་ཚོའི་ཁྲོད་དུ་སྒྲིག་འགལ་གྱིས་ཕོགས་སྣོན་ཁ་གསབ་རོགས་དངུལ་དང་ཕན་བདེ་སྤྲད་པའི་གནད་དོན་746དང་། སྒྲིག་འགལ་གྱིས་འབུལ་སྐྱེས་དང་འབུལ་རྟེན་དངུལ་སྤྲོད་ལེན་བྱས་པའི་གནད་དོན་550། སྒྲིག་འགལ་གྱིས་གཞུང་འཁོར་བཀོད་སྒྲིག་དང་བེད་སྤྱོད་བྱས་པའི་གནད་དོན་475། སྒྲིག་འགལ་གྱིས་གཞུང་དངུལ་བཏང་སྟེ་བཟའ་བཏུང་བྱས་པའི་གནད་དོན་374། གཉེན་སྟོན་འདས་མཆོད་དང་དགའ་སྟོན་རྟེན་འབྲེལ་གཤོམ་ཆེན་བྱས་པའི་གནད་དོན་386། ཚད་བརྒལ་གྱི་སྣེ་ལེན་འདོན་སྤྲོད་དམ་དང་ལེན་བྱས་པ་དང་། འཛད་སྤྱོད་ཚོད་མེད་ཀྱི་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་རྒྱུ་དང་ལེན་ནམ་གཞུང་དངུལ་བཏང་ནས་ཞུགས་པ། སྒེར་གྱི་འདུ་གནས་སུ་སྒྲིག་འགལ་གྱིས་འགྲོ་འོང་བྱས་པ། འགོ་ཁྲིད་ལས་བྱེད་པའི་སྡོད་ཁང་སྒྲིག་ལམ་དང་འགལ་བ་བཅས་ཀྱི་གནད་དོན་149། གཞུང་དངུལ་བཏང་ནས་ཡུལ་སྐོར་བྱས་པའི་གནད་དོན་169། སྒྲིག་འགལ་གྱིས་མགྲོན་ཁང་དང་ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་བསྐྲུན་པའི་གནད་དོན་52བཅས་འདུས་ཡོད་པ་རེད། 
         ཟླ་བ་8པར་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་ནས་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པའི་ལས་བྱེད་པའི་ཁྲོད་དུ་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་42དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་341ཡོད་པ་རེད།