མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྡེ་ཚན་དྲུག་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་དོགས་ཟོན་དང་རྡུང་རྡེག་
གཏོང་རྒྱུའི་བརྡ་ཁྱབ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་དོགས་ཟོན་དང་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྟངས་གསར་པར་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ལས་ཀའི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ཚོགས་འདུ་ཐེངས་གསུམ་པའི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། བྱེད་ཐབས་དེ་བས་བརྟན་པ་དང་ནུས་ལྡན་གྱི་སྒོ་ནས་དོགས་ཟོན་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་གནད་སྨིན་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་ཆེད་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་སྡེ་ཚན་དྲུག་གིས་མཉམ་དུ་《གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དོགས་ཟོན་དང་རྡུང་རྡེག་གཏོང་བའི་བརྡ་ཁྱབ་》ཡོངས་བསྒྲགས་བྱས་པ་རེད།
         《བརྡ་ཁྱབ་》ནང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ནི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་སྤྱི་ཚོགས་ཀྱི་སྤྱི་གནོད་ཡིན་པས་ངེས་པར་དུ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དོགས་ཅན་པ་ཡིན་ཚེ་ངེས་པར་དུ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལམ་སེང་མཚམས་འཇོག་བྱེད་དགོས། བརྡ་ཁྱབ་ཡོངས་བསྒྲགས་བྱས་པ་ནས་2016ལོའི་ཟླ་10ཚེས་31ཉིན་བར་རང་འགུལ་ངང་ངོས་ལེན་ཞུས་ནས་རང་ཉིད་ཀྱི་ཉེས་གསོག་བྱེད་སྤྱོད་ཇི་མ་ཇི་བཞིན་ངོས་ལེན་ཞུས་ཚེ་ཁྲིམས་ལྟར་གུ་ཡངས་དང་ཆད་པ་ཡང་དུ་གཏོང་རྒྱུ་ཡིན་པ་དང་། གཏན་འབེབས་ཀྱི་དུས་བཀག་ནང་རང་འགུལ་ངོས་ལེན་མི་ཞུ་མཁན་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ་འཁོད་ཡོད།
         《བརྡ་ཁྱབ་》ནང་སྤྱི་བདེ་ལས་ཁུངས་ཀྱིས་རང་འགུལ་ངང་ཕར་རྒོལ་བྱས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞིར་ཁྲིམས་ལྟར་ཉེས་དོན་གྱོད་གཞིའི་ཁོངས་སུ་བཅུག་ནས་གྱོད་གཞི་ཁག་གཅིག་གཅིག་སྡུད་ཐོག་མྱུལ་ཞིབ་བྱས་ཏེ་རྩད་གཅོད་བྱེད་པ་དང་། ཉེས་གསོག་ཚོགས་པ་ཁག་གཅིག་མེད་པར་བཟོ་བ། གཙོ་གནད་ས་ཁུལ་ཁག་གཅིག་བཅོས་སྒྲིག་བཅས་བྱས་ཏེ་ས་ཁོངས་རང་བཞིན་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཆེད་ལས་ཉེས་གསོག་པ་ཁག་གཅིག་མཐའ་གཅིག་ཏུ་རྩ་མེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
         《བརྡ་ཁྱབ་》ནང་ཚོང་ལས་དངུལ་ཁང་ཁག་གིས་གཡར་ཐོའི་གཱ་གཙང་སེལ་ལས་དོན་མགྱོགས་མྱུར་ལེགས་གྲུབ་ཟིན་པ་བྱས་ཏེ“འཛད་སྤྱོད་པ་གཅིག་གིས་ཚོང་ལས་དངུལ་ཁང་གཅིག་ནང་གཡར་ཐོའི་གཱ་4ལས་གཉེར་མི་ཆོག་པའི་རྩ་དོན”སོགས་ཀྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་རྒྱལ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཁྲིམས་འགལ་ཉེས་གསོག་བྱེད་སྟངས་གསར་པར་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་གོམ་སྟབས་རྗེས་མར་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆེད་དོན་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཐོན་མང་བའི་རྣམ་པ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།