མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས“རྩྭ་ཐང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་
ཆེ་རུ་གཏོང་བར”དམིགས་ནས་ཐབས་འདོན་ཇུས་འགོད་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་22ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ་གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་56པ་འཚོགས་ཏེ“རྩྭ་ཐང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བར”དམིགས་ནས་ཐབས་འདོན་ཇུས་འགོད་བྱས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
          ཨུ་ཡོན་ཚོས་རྩྭ་ཐང་གི་སྣོད་བཅུད་དམངས་འཚོ་དང་། ཁོར་ཡུག རྒྱལ་ཁབ་ཀྱི་རྒྱུན་སྲིང་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འཐབ་ཇུས་གནས་བབ་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་ཡོད། སྣོད་བཅུད་ཁོར་ཡུག་ལ་ཚབ་བྱེད་རྒྱུ་ཆ་མེད་པས་བག་མེད་ལོངས་སྤྱོད་བྱས་ཚེ་མཐར་འཚོ་གནས་དཀའ་བར་འགྱུར་སྲིད། དུས་རབས་གསར་པ་འཆར་བ་ནས་བཟུང་རྒྱལ་ཁབ་ཀྱིས་རྩྭ་ཐང་གི་སྣོད་བཅུད་འཛུགས་སྐྲུན་ལས་གྲྭ་འགངས་ཆེན་ཁག་གཅིག་སྔ་རྗེས་སུ་ལག་བསྟར་བྱས་པ་དང་རྩྭ་ཐང་དང་འབྲོག་ཁུལ་གཙོ་བོར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་བཙུགས་ནས་རྩྭ་ཐང་སྣོད་བཅུད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། རྩྭ་ཐང་ཐོན་སྐྱེད་བྱེད་སྟངས་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་བ་དང་། འབྲོག་པའི་ཡོང་འབབ་ནུས་ལྡན་ངང་འཕར་བ། རྩྭ་ཐང་སྲུང་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད། འོན་ཀྱང་རང་བྱུང་དང་། ས་ཁམས། ལོ་རྒྱུས། མིའི་བྱ་སྤྱོད་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ནས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཡག་པོ་མ་བྱུང་བའི་གནས་ཚུལ་སྔར་བཞིན་ཐོན་མང་བ་དང་སླར་གསོ་བྱས་ཟིན་པའི་རྩྭ་ཐང་སྣོད་བཅུད་སྔར་བཞིན་ཉམས་ཞན་ཡིན་པས། རྩྭ་ཐང་སྣོད་བཅུད་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ལ་ལམ་ཐག་རིང་བའི་ངོས་འཛིན་བྱས་པ་རེད།
          ཨུ་ཡོན་ཁ་ཤས་ཀྱིས་གཅིག་ནས་རྩྭ་ཐང་སྲུང་སྐྱོང་ལ་སྔར་བས་མཐོང་ཆེན་བྱས་ཏེ་སྣོད་བཅུད་སྔོན་ལ་སྲུང་སྐྱོང་བྱེད་པའི་རྩ་དོན་ལག་བསྟར་བྱེད་པ་དང་། གཞི་རིམ་ལ་ཤུགས་སྣོན་རྒྱག་པ། འབྲོག་པའི་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་དང་། གཉིས་ནས་རྩྭ་ཐང་གི་ཁ་གསབ་དང་བྱ་དགའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ། འབྲོག་ཁུལ་མི་འདྲ་བའི་ཁྱད་ཆོས་གཞིར་བཟུང་། ཚན་རིག་དང་མཐུན་པའི་ཁ་གསབ་དང་བྱ་དགའི་ཚད་གཞི་བཟོ་བ་དང་དཔྱད་དཔོག་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་པོ་བཟོས་ནས་འབྲོག་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས། གསུམ་ནས་《རྩྭ་ཐང་བཅའ་ཁྲིམས་》བཟོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་《གཞི་རྩའི་རྩྭ་ཐང་སྲུང་སྐྱོང་སྲོལ་ཡིག་》གང་མགྱོགས་བཟོས་ཏེ་རྩྭ་ཐང་གི་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་བཏང་ནས་འབྲོག་པ་དང་ལྷག་པར་དུ་ཁོང་ཚོའི་བུ་ཕྲུག་ལ་སློབ་གསོ་ཐོབ་རྗེས་ལས་གནས་གཞན་སྒྱུར་གྱིས་གྲོང་ཁྱེར་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྩྭ་ཐང་ལ་བརྟེན་ནས་འཚོ་སྡོད་བྱེད་པའི་མི་གྲངས་ཉུང་དུ་གཏོང་དགོས་པ། ལྔ་ནས་གནད་སྨིན་ལྟ་སྐུལ་དོ་དམ་བྱས་ཏེ་རྩྭ་ཐང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་མཉམ་འབྲེལ་ཁྲིམས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་དགོས་པ། དྲུག་ནས་ཕྱུགས་ལམ་དང་། དྲོད་ཁང་། ཚད་གཞི་ཅན་གྱི་འབྲོག་ར། ར་སྐྱོར་སོགས་ཚུད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་མི་ཐབས་ལ་བརྟེན་པའི་སྤང་ཚན་རིག་དང་མཐུན་པའི་ངང་བཏབ་ནས་རྩྭ་ཐང་གི་ཐེག་ནུས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་པ་རེད།