མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་སོགས་ཀྱིས“དཔའ་བོའི་ལོ་རྒྱུས་སྙན་ངག་ནམ་ཡང་མི་ནུབ་པའི་མཛད་
རྗེས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་25ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་སོགས་ཀྱིས“དཔའ་བོའི་ལོ་རྒྱུས་སྙན་ངག་ནམ་ཡང་མི་ནུབ་པའི་མཛད་
རྗེས”ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་གཟིགས་པ།

           མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བའི་སྐབས། ཟླ་9ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་གི“དཔའ་བོའི་ལོ་རྒྱུས་སྙན་ངག་ནམ་ཡང་མི་ནུབ་པའི་མཛད་རྗེས་ཏེ། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་གཟིགས་པར་ཕེབས་ཤིང་། ཁོང་གིས་ལོ་ངོ་བརྒྱད་ཅུའི་གོང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་གི་འགོ་ཁྲིད་ནས་དཀའ་ངལ་ཁྲི་སྟོང་མང་པོ་ལས་རྣམ་པར་རྒྱལ་ཏེ་འཛམ་གླིང་ལ་སྐད་གྲགས་ཆོད་པའི་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་ཡོད། དེ་ལྟ་བུའི་རླབས་ཆེ་བའི་མཛད་རྗེས་ཀྲུང་གོའི་གསར་བརྗེ་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་ནམ་ཡང་འཁོད་ངེས་ཡིན་ལ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་ལས་གསར་བརྗེའི་ཕུགས་འདུན་གྱི་རླབས་ཆེན་སྙིང་སྟོབས་དང་སྟོབས་ཤུགས་གང་ལེགས་མངོན་ཡོད། ད་ཆ་དུས་རབས་དང་ཆ་རྐྱེན་གྱུར་ནའང་། ང་ཚོ་གུང་ཁྲན་ཏང་མིས་འབད་འཐབ་བྱེད་པའི་ཕུགས་བསམ་དང་བྱ་གཞག་ལ་འགྱུར་བ་བྱུང་མེད། ང་ཚོས་དམར་དམག་གིས་བྱས་རྗེས་རླབས་ཆེན་པོ་བཞག་པ་མ་བརྗེད་པ་བྱས་ནས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྤེལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་གཏིང་ཟབ་བཏང་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མུ་མཐུད་ཀུན་སེམས་གཅིག་སྒྲིལ་དང་། འབད་འབུངས་སྟོབས་བརྩོན། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཡུས་ཀྲེང་ཧྲེང་དང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་འགྲེམས་སྟོན་ལ་གཟིགས་པར་ཕེབས་པ་རེད།
ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་10ཙམ་ལ། ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་ལ་གཟིགས་པར་ཕེབས་པ་རེད། འགྲེམས་སྟོན་དེ་དུས་ཚོད་སྔ་ཕྱིའི་གོ་རིམ་བཞིན་བསྒྲིགས་ནས་གཡུལ་འགྱེད་དམག་འཐབ་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན། མི་སྣ་གལ་ཆེན་བཅས་གཙོ་བོར་བྱས་ཏེ“ཙག་སྒྲ་རྐང་བདུན”དང་། “ལྕགས་ཀྱུ་སེར་པོ”“སྐེ་རགས་ཕྱེད་ཀ”སོགས་རྒྱང་སྐྱོད་སྐབས་ཀྱི་ངོ་མཚར་བའི་བྱུང་བ་ཞིབ་ཚགས་པོས་བདམས་པའི་ཁར“ཙུན་དབྱི་གྲོས་ཚོགས”དང་། “ལྕགས་ཟམ་ཁ་ལེན་པ”“གངས་རི་དང་རྩྭ་ཐང་སྒྲོལ་བ”སོགས་བརྗོད་དོན་གཙོ་བོའི་ལྟ་ལྗོངས་ཇུས་བཀོད་ཞིབ་ཚགས་བྱས་པ་དང་། པར་275དང་། རིག་དངོས་252 དེ་བཞིན་བརྙན་ཕབ་དང་། དཔེ་རིས། སྣུམ་ཚོན་རི་མོ། འཇིམ་བརྙན་སོགས་མང་པོ་ཡོད་པ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་དམར་དམག་གི་འགོ་ཁྲིད་ནས་རི་འགོག་རྒྱལ་སྐྱོབ་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་གོ་མིན་ཏང་གི་དམག་དཔུང་ས་ཡ་ཁ་ཤས་ཀྱིས་རྗེས་སྙེག་བཀག་སྐྱིལ་བྱས་པ་ཐལ་བའི་རྡུལ་དུ་བརླགས་པ་དང་དཀའ་ངལ་དང་ཉེན་ཁ་གྲངས་ལས་འདས་པ་ཁྱད་དུ་བསད་དེ་འཛམ་གླིང་ཀུན་ལ་སྙན་གྲགས་ཆོད་པའི་ལེ་དབར་ཁྲིའི་རྒྱང་སྐྱོད་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་དཔའ་བོའི་རླབས་ཆེན་མཛད་རྗེས་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་ཏེ། རྒྱང་སྐྱོད་ཁྲོད་ཀྱི་དམར་དམག་གི་འགྱུར་བ་མེད་པའི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་། གསར་བརྗེར་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས། ཞུམ་པ་མེད་པར་མདུན་སྐྱོད་དང་འཆི་རྒྱུར་མི་སྐྲག་པའི་དཔའ་བོའི་བློ་སྟོབས་བཅས་མངོན་ལ། “ཐོག་མའི་བསམ་འདུན་མ་བརྗེད་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི”དུས་རབས་ཀྱི་ནང་དོན་ཡང་མཚོན་པར་བྱས་ཡོད།
         དམར་དམག་རྒྱང་སྐྱོད་བྱས་ཚུལ་བསྡུས་པར་མཚོན་པའི་བརྙན་ཕབ་དཔྱད་གཞི་ལས་དམར་དམག་འབུམ་ཤོག་བདུན་པས་བཀྲམ་པའི་《ང་ཚོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རི་འགོག་གདོང་ལེན་རུ་ཁག་ཡིན་》ཞེས་པའི་བསྒྲགས་གཏམ་དང་། སྒྱུ་རྩལ་གྱི་ཡིད་དབང་འགུགས་ཤུགས་ཆེན་པོ་ལྡན་པའི་སྣུམ་ཚོན་རི་མོ། 《ཤང་ཅང་ཆུ་བོའི་དམར་འཛིང་》 ཙུན་དབྱི་གྲོས་ཚོགས་འཚོགས་པའི་རྣམ་པ་བསྐྱར་དུ་མངོན་པའི་བརྗོད་དོན་གཙོ་བོའི་ལྟ་ལྗོངས། དམར་དམག་གིས་ཉུང་བས་མང་བ་ལས་རྒྱལ་བའི་གཟི་བརྗིད་དཔེ་མཚོན་དུ་གྱུར་པའི་འབྲི་ཆུ་ཐེངས་བཞི་བརྒལ་བའི་གཡུལ་འགྱེད་ཀྱི་ནང་དོན་གཙོ་བོའི་དཔེ་རིས། དམར་དམག་འཐབ་འཛིང་པས་འཆི་ཁར་ཡང་ཏང་ལ་ལྷག་བསམ་དཀར་བ་མཚོན་པའི་འཇིམ་བརྙན་《ཏང་གི་གྲོན་དངུལ་མཐའ་མ་འཇལ་བ་》 ཧྥང་ཀྲེ་མིང་གིས་བཙོན་ཁང་དུ་བྲིས་པའི་《གཅེས་པར་འོས་པའི་ཀྲུང་གོ་》ཞེས་པའི་ཟིན་བྲིས་སོགས་ཕུན་སུམ་ཚོགས་པའི་ཚད་ལྡན་ཡིག་ཆའི་པར་རིས་དང་། རྩ་ཆེ་བའི་ལོ་རྒྱུས་ཀྱི་དངོས་པོ། མངོན་སུམ་ལྟར་གྱི་བརྗོད་དོན་གཙོ་བོའི་ལྟ་ལྗོངས་ཀྱིས་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་ནས་གོམ་པའི་འདེགས་འཇོག་ཡང་ཡང་སྒྱུར་མཚམས་བཞག་སྟེ་དེ་དག་ལ་ཞིབ་པར་གཟིགས་པ་མ་ཟད། ལས་དོན་པའི་འགྲེལ་བཤད་ལ་བློ་རྩེ་གཅིག་སྒྲིམ་གྱིས་གསན་པ་དང་སྦྲགས་འབྲེལ་ཡོད་ཀྱི་གནས་ཚུལ་ཡང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།