མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་རང་རྒྱལ་གྱི་ཁ་ཞེང་སྨི་500ཡོད་པའི་ཟླུམ་ངོས་
གློག་རླབས་གནམ་དཔྱད་རྒྱང་ཤེལ་སྤྱོད་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 09:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེ་ཁ་ཞེང་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཞིབ་བཟོ་དང་འཛུགས་སྐྲུན་ནང་ཞུགས་མཁན་གྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། ལས་གྲྭའི་ལག་རྩལ་མི་སྣ། འཛུགས་སྐྲུན་པ་བཅས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གནམ་དཔྱད་རིག་པ་ནི་གསར་གཏོད་གལ་ཆེ་ཤེས་རྟོགས་ཐུབ་པའི་མདུན་གྲལ་ཚན་རིག་ཡིན་ལ། ཚན་རྩལ་ཡར་ཐོན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཡག་ཤོས་ཤིག་ཀྱང་རེད། ཁ་ཞེང་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་ལ“ཀྲུང་གོའི་འཇིག་རྟེན་མིག”ཅེས་བརྗོད་པ་དང་། དེར་རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་དང་། འཛམ་གླིང་ཐོག་གི་ཁ་ཞེང་རྐྱང་པ་ཆེ་ཤོས། ཚོར་བ་སྐྱེན་ཤོས་ཀྱི་གློག་རླབས་རྒྱང་ཤེལ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་སྤྱོད་འགོ་ཚུགས་པ་ལས་རང་རྒྱལ་གྱི་མདུན་གྲལ་ཚན་རིག་ལ་གསར་གཏོད་ཀྱི་ཚད་བརྒལ་གལ་ཆེ་བྱུང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྣམ་གྲངས་ནང་ཞུགས་མཁན་གྱི་ཚན་རྩལ་ལས་དོན་པ་དང་། ལས་གྲྭའི་ལག་རྩལ་མི་སྣ། འཛུགས་སྐྲུན་པ་བཅས་ཀྱིས་ཡང་འབད་བསྐྱར་འབད་བྱས་ནས་གསར་འབྱེད་ཡར་བརྩོན་དང་ཡང་རྩེར་འཛེགས་ཕོད་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ་མཐུན་སྒྲིལ་འབད་འབུངས་དང་མཉམ་དུ་འགག་སྒྲོལ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ། ཆུ་ཚད་མཐོ་བའི་དོ་དམ་དང་ཚན་རིག་གི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དེ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་སྔ་ཙམ་གྲུབ་འབྲས་ཐོབ་པ་དང་། གྲུབ་འབྲས་མང་ཙམ་ཐོབ་པ། གྲུབ་འབྲས་ལེགས་པོ་ཐོབ་པ། གྲུབ་འབྲས་ཆེན་པོ་ཐོབ་པ་བཅས་བྱས་ཐོག་གསར་གཏོད་རྣམ་པའི་རྒྱལ་ཁབ་བསྐྲུན་པ་དང་འཛམ་གླིང་གི་ཚན་རྩལ་ལ་བརྟེན་པའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད། 
         ཚེས་25ཉིན་རང་རྒྱལ་གྱི་ཁ་ཞེང་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཀུའེ་ཀྲོའུ་ཞིང་ཆེན་ཆན་ནན་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཕིང་ཐང་རྫོང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་སྤྱོད་འགོ་ཚུགས་པའི་མཛད་སྒོའི་ཐོག་ཞིས་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། ཁོང་གིས་ཚན་རྩལ་གསར་གཏོད་ཚོགས་ཆེན་གྱི་དགོངས་དོན་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་རང་རྒྱལ་གྱི་ཁ་ཞེང་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་གྱི་སྔོན་ཐོན་ལག་རྩལ་ལ་བརྟེན་ནས་ཚན་རིག་གི་མདུན་གྲལ་ལ་དམིགས་པ་དང་། རྒྱལ་སྤྱིའི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རྩེར་སོན་གྱི་ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པ། རྩེར་སོན་གྱི་ཚན་ཞིབ་ལས་སྟེགས་གཏོད་པ་བཅས་བྱས་ནས་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་གལ་ཆེ་ཐོབ་རྒྱུའི་འབད་བརྩོན་བྱས་ཏེ་རང་རྒྱལ་གྱི་གནམ་དཔྱད་རིག་པ་འཛམ་གླིང་གི་ཆུ་ཚད་རྩེ་གྲའི་གྲས་སུ་ཚུད་པ་དང་འཛམ་གླིང་གི་ཚན་རྩལ་ལ་བརྟེན་པའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
         རང་རྒྱལ་གྱི་ཁ་ཞེང་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་དེ་གཙོ་བོ་འཇིག་རྟེན་ནང་གི་མ་ནིང་གཉིས་ཀྱི་ཆིང་ལ་སྐོར་ལྟ་དང་རྩ་འཕར་འགྱུར་སྐར་ལ་ལྟ་ཞིབ་ཚད་འཇལ་སོགས་ཚན་རིག་དམིགས་ཚད་དང་བར་སྣང་འཕུར་སྐྱོད་ཡོ་ཆས་ཚད་འཇལ་དང་འཕྲིན་གཏོང་སོགས་ཀྱི་བཀོལ་སྤྱོད་དམིགས་ཚད་ཐད་སྤྱོད་ཀྱི་ཡོད།