མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་གྲོས་ཞིབ་བྱ་རྒྱུར་
འབུལ་རྒྱུའི་ཡིག་ཆར་གྲོས་བསྡུར་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་29ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ་10ཚེས་24ཉིན་ནས་ཚེས་27ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་《དུས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག་》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་》མ་ཡིག་དེ་གཉིས་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཚུལ་གྱི་སྙན་ཞུ་ཉན་པ་དང་། ད་ཐེངས་ཚོགས་འདུའི་གྲོས་བསྡུར་བསམ་འཆར་ལྟར་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།
         ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་གཉིས་ཀྱི་མ་ཟིན་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱེད་པའི་དམིགས་ཡུལ་ནི་དམངས་གཙོ་དར་སྤེལ་གང་ལེགས་དང་། ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད། ཏང་ཡོངས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ཏེ་ཡིག་ཆའི་མ་ཟིན་ལ་བཟོ་བཅོས་ཡག་པོ་རྒྱག་རྒྱུ་དེ་ཡིན་པ་དང་། ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་པ། བསམ་འཆར་དང་གྲོས་འགོ་དེ་དག་ཐོག་ནས་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་དང་། ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ངོས་འཛིན་དང་བསམ་བློ་མཚོན་ཡོད་ལ། ཡིག་ཆར་བཟོ་བཅོས་ཡག་པོ་རྒྱག་རྒྱུའི་གཞི་འཛིན་ས་གལ་ཆེན་ཡིན་པ། ཕྱོགས་ཡོངས་ནས་གསེད་དཀྲོལ་དང་། རིམ་པས་ཞིབ་འཇུག བསྡུ་ལེན་གང་ཐུབ་བཅས་བྱས་ཏེ་ཡིག་ཆ་ཡག་པོ་བཟོས་ནས་དུས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏོང་རྒྱུ་དང་ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་ཆེད་ཡང་དག་པའི་མཛུབ་ཁྲིད་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་བྱས་ཡོད།
         ཚོགས་འདུའི་ཐོག་ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་རང་རེའི་ཏང་གིས་ངེས་པར་དུ་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་དང་། ནན་ཏན་ངང་ཏང་ནང་གི་ཆབ་སྲིད་འཚོ་བའི་ལས་དོན་སྤེལ་དགོས་པ་གསལ་བཤད་བྱས་ཡོད། དུས་བབ་གསར་པའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་ཡོང་བར་བྱེད་དགོས་ན། ངེས་པར་དུ་ཏང་གི་སྒྲིག་ཡིག་རྩ་བའི་བསྟུན་སར་བྱས་ཏེ་ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་བཅས་མཐའ་འཁྱོངས་བྱས་ནས་ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཏང་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ཆུ་ཚད་མཐོ་རུ་གཏོང་བ་དང་། ངོ་འགྱུར་སྔོན་འགོག་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་འགན་ལེན། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་ཡོངས་སུ་གཅིག་སྡུད་ཡོད་ལ་དམངས་གཙོ་ཡོད་པ་དང་། སྒྲིག་ཁྲིམས་ཡོད་ལ་རང་དབང་ཡོད་པ། གཅིག་གྱུར་གྱི་སྙིང་སྟོབས་ཡོད་ལ་སྒེར་གྱི་སེམས་པ་བློ་བདེ་བག་ཕེབས་དང་། གསོན་ཉམས། འཁྲུག་ཆ་དོད་པ་བཅས་ཡོད་པའི་ཆབ་སྲིད་རྣམ་པ་ཧུར་ཐག་ཆགས་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
         ཚོགས་འདུའི་ཐོག་ཏང་ནང་གི་ལྟ་སྐུལ་ཐད་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་དགོས་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུ་འགན་ལེན་བྱེད་དགོས་པ་དང་། ཏང་ནང་གི་ལྟ་སྐུལ་ལས་འགན་ནི་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཏང་ཡོངས་སུ་ལག་བསྟར་ནུས་ལྡན་བྱ་རྒྱུ་འགན་ལེན་བྱས་ཏེ་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་གིས་ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བ་དང་། ཏང་འཛུགས་སྐྱོང་ཉམས་ཞན་དུ་འགྲོ་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ལས་དོན་སྤེལ་ཤུགས་མི་འདང་བ། ཏང་ནང་གི་འདུ་ཤེས་ཞན་དུ་འགྲོ་བ། རྩ་འཛུགས་ནུས་མེད་ཟབ་ཟོབ། སྒྲིག་ཁྲིམས་ལྷུག་པ། ཏང་ལ་དོ་དམ་དང་ཏང་སྐྱོང་རྒྱུ་ལྷུག་པ་བཅས་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ་ཏང་རྩ་འཛུགས་ཀྱི་འགན་ནུས་གང་ལེགས་སྒྲུབ་རྒྱུ་དང་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་རྒྱུའི་འགན་ལེན་དང་། ཏང་ཡོན་ཡོངས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་འགན་ལེན། ཏང་གི་འགོ་ཁྲིད་ལས་བྱེད་པ་ལྷག་བསམ་ལྡན་པ་དང་དྭངས་གཙང་ཡོད་པ། འགན་འཁུར་ཕོད་པ་བཅས་འགན་ལེན་བྱེད་དགོས་པ། ཏང་ནང་གི་ལྟ་སྐུལ་ཐད་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དང་སྒྲིག་སྲོལ་སྒྲིག་ཁྲིམས་ལྟར་ལས་དོན་བསྒྲུབས་ཏེ་གོང་ནས་འོག་བར་གྱི་རྩ་འཛུགས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་འོག་ནས་གོང་གི་དམངས་གཙོའི་ལྟ་སྐུལ་ལེགས་སུ་བཏང་ནས་རིམ་མཚུངས་ལྟ་སྐུལ་བྱེད་རེས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ། ཏང་ནང་གི་ལྟ་སྐུལ་ལ་བཀག་སྡོམ་ཁུལ་མེད་ལ་དམིགས་བསལ་ཡང་མེད་པས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཡིད་ཆེས་ལྕགས་འདེབས་དེ་ལྟ་སྐུལ་ནན་པོ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཏང་གི་འགོ་ཁྲིད་ལས་བྱེད་པས་དབང་ཆ་ཡོད་ན་འགན་འཁྲི་ཡོད་པ་དང་། འགན་འཁྲི་ཡོད་ན་འགན་འཁུར་ཕོད་པ། དབང་ཆ་སྤྱོད་དུས་ལྟ་སྐུལ་བྱེད་པ་དང་འགན་འཛོལ་བྱུང་ན་འགན་འཁྲི་རྩད་གཅོད་བྱེད་དགོས་པ་བཅས་ཀྱི་ངོས་འཛིན་བྱས་ཡོད།
         ཚོགས་འདུའི་ཐོག་ཡིག་ཆ་གཉིས་ཀྱི་མ་ཟིན་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། སྣེ་ཁྲིད་དེ་ཡིག་ཆའི་གཏན་འབེབས་གཞིར་བཟུང་རང་ཉིད་ལ་བླང་བྱ་ནན་པོ་འདོན་དགོས་པ་དང་། དོན་རེ་རེ་བྱས་ནས་སློབ་སྦྱོང་དང་དོན་རེ་རེ་བྱས་ནས་གོ་བ་བླངས་ཏེ་སེམས་ནང་ངེས་ཐུབ་པ་དང་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་དགོས་པ་མ་ཟད། ལྷག་པར་དུ་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གི་རྩ་བའི་ལམ་ཕྱོགས་མཐའ་འཁྱོངས། ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ནན་དུ་གཏོང་བ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་མཐའ་འཁྱོངས། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས། རང་རྟོགས་ངང་ཏང་ནང་གི་ལྟ་སྐུལ་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་སོགས་ཀྱི་ཐད་འབད་བརྩོན་གསར་པ་བྱེད་དགོས་པ། ཚད་གཞི་དང་སྲོལ་ཡིག་ལག་བསྟར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོངས་ལ་མིག་དཔེ་བཏོན་ཏེ་རང་ཉིད་ཀྱིས་དོ་དམ་བྱེད་སའི་སྡེ་ཚན་དང་ཁྱབ་ཁོངས་དང་དེ་བཞིན་རང་ཉིད་གནས་སའི་ས་གནས་ཀྱི་རྒྱ་ཆེའི་ལས་བྱེད་པར་མིག་དཔེ་འདོན་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།