མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་ལྔ་པ་
གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་9ཚེས་27ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་ལྔ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་རྒྱལ་སྤྱིའི་སྟོབས་ཤུགས་དཔྱད་བསྡུར་གྱི་འཕེལ་འགྲིབ་འགྱུར་ལྡོག་དང་གོ་ལ་ཧྲིལ་པོའི་འགྲན་སློང་ཉིན་བཞིན་ཆེ་རུ་འགྲོ་བ་དང་བསྟུན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་རེད། ང་ཚོས་གོ་སྐབས་དམ་འཛིན་དང་བབ་བསྟུན་ལས་སྒྲུབ་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་སྔར་བས་དྲང་གཞག་དང་ལུགས་མཐུན་ཡིན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་བ་དང་། རང་རྒྱལ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྔར་བས་སྲུང་སྐྱོང་ཡག་པོ་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ཕྱི་རོལ་གྱི་མཐུན་རྐྱེན་སྔར་བས་ཡག་པོ་བཏོད་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་བས་ཆེན་པོ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཕྱི་འབྲེལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀའོ་ཧྥེས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་པ་མ་ཟད་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཁག་གིས་འགྲེལ་བཤད་ལ་ནན་ཏན་ངང་གསན་པ་མ་ཟད་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་ཡང་གནང་བ་རེད།
         ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་ཉིད་ལྟེ་བར་བྱས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་ལུས་སྲོག་བློས་གཏོང་ཆེན་པོར་བརྟེན་ནས་ཐོབ་པའི་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་འབྲས་བུ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་པ། “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་བཏོན་པ། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་སོགས་ཕྱོགས་མང་དངུལ་རྩའི་སྒྲིག་གཞི་གསར་པ་འཛུགས་རྒྱུའི་གྲོས་འགོ་བཏོན་པ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ལ་བགོ་སྐལ་དང་བཅོས་སྐྱོང་ལམ་སྲོལ་སྒྱུར་བཅོས་ལེགས་གྲུབ་ཡོང་རྒྱུར་སྐུལ་མ་བཏང་བ། རྒྱ་མཚོ་དང་། གླིང་སྣེའི་ས་ཁུལ། དྲ་བ། ཕྱིའི་བར་སྟོང་། ཉིང་རྡུལ་མཚོན་ཆའི་བདེ་འཇགས། རུལ་སུངས་ལ་ངོ་རྒོལ། གནམ་གཤིས་འགྱུར་ལྡོག་སོགས་གསར་དར་ཁྱབ་ཁོངས་ཀྱི་བཅོས་སྐྱོང་སྒྲིག་སྲོལ་བཟོ་རྒྱུའི་ནང་ཧུར་ཐག་ཞུགས་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ནང་གི་དྲང་གཞག་མིན་པ་དང་ལུགས་མཐུན་མིན་པའི་བཀོད་སྒྲིག་ལ་སྒྱུར་བཅོས་བྱ་རྒྱུར་སྐུལ་མ་བཏང་བ་བཅས་བྱས་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་གྲོལ་མ་ཐག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ནི་ཉེ་བའི་ལོ་ཤས་རིང་རང་རྒྱལ་དུ་གཉེར་བའི་རིམ་པ་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། ཤུགས་རྐྱེན་ཟབ་ཤོས་བཅས་ཀྱི་རྒྱལ་སྤྱིའི་དབུ་ཚོགས་ཤིག་ཡིན། ང་ཚོས་གྲོས་གཞི་དང་གྲོས་རིམ་གྱི་བཀོད་སྒྲིག་གི་རང་འགུལ་དབང་ཆར་བརྟེན་ནས་བཀྲག་མདངས་འཚེར་ས་དང་། ཁྱད་ཆོས་མངོན་གསལ། ཉམས་དོད་པ། ཟིལ་རྔམ་ལྡན་པ་བཅས་ཡོང་བར་བྱས་པ་མ་ཟད། དབུ་ཚོགས་ལ་ཁྲིད་སྟོན་གྱིས་གསར་གཏོད་རང་བཞིན་དང་། སྣེ་ཁྲིད་རང་བཞིན། ལམ་སྲོལ་རང་བཞིན་བཅས་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཆགས་ཐུབ་པའི་ཁྲིད་སྟོན་བྱས་ནས་འཛམ་གླིང་དཔལ་འབྱོར་ལ་ཁ་ཕྱོགས་གསལ་པོར་བསྟན་པ་དང་། གོ་ལ་ཧྲིལ་པོར་དཔལ་འབྱོར་འཕར་ཆེད་སྒུལ་ཤུགས་བསྣན་པ། རྒྱལ་སྤྱིའི་མཉམ་ལས་ལ་རྨང་གཞི་བརྟན་པོ་འདིང་བ་བཅས་ཀྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གནས་སྟངས་དེ་རྒྱལ་སྤྱིའི་སྟོབས་ཤུགས་དཔྱད་བསྡུར་ལ་རག་ལས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ཀྱི་འབྱུང་ཁུངས་ནི་རྒྱལ་སྤྱིའི་སྟོབས་ཤུགས་དཔྱད་བསྡུར་གྱི་འགྱུར་ལྡོག་ལས་བྱུང་བ་ཡིན། ང་ཚོས་དཔལ་འབྱོར་འཕེལ་རྒྱས་དེ་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་རང་ངོས་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས་པ་དང་། རྒྱུན་ཆད་མེད་པར་རྒྱལ་སྤྱིའི་ཐོག་གི་གཏམ་བཤད་ལས་སྒྲུབ་ཀྱི་ང་ཚོའི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ང་ཚོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་རྒྱལ་སྤྱིའི་འགན་འཁྲི་རང་འགུལ་ངང་འཁུར་དགོས་ནའང་། གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ད་ལྟ་ལག་བསྟར་བྱེད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ཁྲོད་འཚམ་པོ་མེད་པའི་ཆ་སྔར་བས་ཇེ་མང་དུ་འགྲོ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་སྒྱུར་བཅོས་གཏོང་རྒྱུའི་འབོད་སྒྲ་ཀྱང་སྔར་བས་ཇེ་མཐོར་འགྲོ་བཞིན་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱི་བྱ་བ་ཞིག་ཡིན་པས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་སྐོར་གྱི་ལྟ་ཚུལ་དེ་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་དུ་བསྒྱུར་ནས་བྱ་སྤྱོད་གཅིག་མཐུན་ཡོང་བ་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རེ་འབོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཐུན་སྒྲིལ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས།