མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་བདེ་པུས་བེད་མེད་དུ་གྱུར་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་བཙུགས་
པ་དང་འབྲེལ་དྲ་ཐོག་ཏུ་ཚོད་ལྟ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་09ཉིན། 08:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་6ཉིན། སྤྱི་བདེ་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་པུའུ་ཀྲང་གཞོན་པ་ཧོང་མིང་ཀྲུང་གོ་དངུལ་ཁང་པེ་ཅིང་ཡན་ལག་དངུལ་ཁང་གི་ལས་གཉེར་དྲ་ཚིགས་སུ་ཕེབས་ནས། སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་《གྲོང་མིའི་ཐོབ་ཐང་ལག་ཁྱེར་བཀོལ་སྤྱོད་དོ་དམ་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་》ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། མི་དམངས་དངུལ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ལས་གཉེར་དྲ་ཚིགས་ཀྱི་ལས་དོན་མི་སྣ་དང་བཞུགས་མོལ་སྤེལ་རེས་གནང་བ་རེད། དངུལ་ཁང་གི་ལས་དོན་མི་སྣས་བཏོན་པའི་མི་སྣ་དང་ལག་ཁྱེར་གཅིག་མཐུན་རང་བཞིན་གྱི་ཞིབ་བཤེར་ལས་དོན་སྤེལ་སྐབས་ཐོབ་ཐང་ལག་ཁྱེར་བེད་མེད་དུ་གྱུར་ཡོད་མེད་དབྱེ་འབྱེད་དཀའ་བ་དང་། དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་ཐོབ་ཐང་ལག་ཁྱེར་བོར་བརླག་དང་རྐུ་ཤོར་ནས་གཞན་གྱིས་སྤྱོད་པ་སོགས་ཀྱི་གནད་དོན་ཐད་ཧོང་མིང་གིས་སྤྱི་བདེ་པུས་གྲོང་མིའི་བེད་མེད་དུ་གྱུར་པའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་བཙུགས་པ་དང་འབྲེལ་ཉེ་ཆར་དྲ་ཐོག་ཏུ་ཚོད་ལྟ་བྱེད་འགོ་ཚུགས་ཡོད། དངུལ་ཁང་དུ་ཚོད་ལྟ་བྱས་རྗེས་སྤྱི་ཚོགས་ཐོག་གི་ལག་ཁྱེར་སྤྱོད་མཁན་སྡེ་ཚན་ཁག་ལ་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། ད་ཡོད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་ལ་དྲ་སྦྲེལ་ཐོག་ནས་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་བཤད།
          ཧོང་མིང་གིས་གྲོང་མིའི་བེད་མེད་དུ་གྱུར་པའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་མ་ལག་བཙུགས་པ་ནི་སྤྱི་བདེ་པུས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་ཞིག་ཡིན་ལ། རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གྲོང་མིའི་ཐོབ་ཐང་ལག་ཁྱེར་བཀོལ་སྤྱོད་བདེ་འཇགས་འགན་ལེན་བྱེད་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་ཤིག་ཀྱང་ཡིན། དེས་སྤྱི་ཚོགས་ཐོག་ལག་ཁྱེར་སྤྱོད་མཁན་སྡེ་ཚན་དང་ཚན་པར་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་འགན་འཁྲི་ཞིབ་བཤེར་བྱེད་པར་འགག་རྩའི་འདེགས་སྐྱོར་བྱེད་ཐབས་མཁོ་འདོན་ཐུབ་རྒྱུ་མ་ཟད། ཆ་འཕྲིན་མ་ལག་དེར་གྲངས་གཞི་དུས་ཐོག་ཏུ་གསར་བརྗེ་དང་སྲུང་སྐྱོང་བྱེད་པའི་ནུས་པ་ལྡན་ཡོད་ལ། སྤྱི་ཚོགས་ཐོག་གི་ལག་ཁྱེར་སྤྱོད་མཁན་སྡེ་ཚན་དང་ཚན་པས་དྲ་སྦྲེལ་ཐོག་ནས་ཞིབ་བཤེར་བྱས་པ་བརྒྱུད། བོར་བརླག་དང་རྐུས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བེད་མེད་དུ་གྱུར་ཡོད་པ་ཤེས་རྟོགས་ཐུབ་ནས། སྤྱི་ཚོགས་ཐོག་མུ་མཐུད་སྤྱོད་ཐབས་མེད་ཅེས་ནན་བཤད་བྱས་པ་རེད།