མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་སྲིད་གཞུང་གི་ཞིབ་མཆན་ཐོབ་པའི་མ་འཇོག་རྣམ་གྲངས་སྔར་བས་ཁུ་བསྡུ་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་གསོན་ཤུགས་དེ་བས་ཆེ་བ་འཕེལ་བ་བྱེད་དགོས་པ་དང་། ཕྱི་རྒྱལ་ནས་མ་རྩ་བཞག་པའི་ཁེ་ལས་སོགས་ཀྱི་ཞིབ་མཆན་དང་དོ་དམ་སྟབས་བདེ་རུ་བཏང་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཁོར་ཡུག་དེ་བས་ལེགས་པ་གཏོད་དགོས་པ། 《རྒྱལ་ཡོངས་ཀྱི་ཞིང་ལས་དེང་རབས་ཅན་འཆར་འགོད་》བརྒྱུད་ཞིང་ལས་རིམ་སྤོར་དང་། གྲོང་གསེབ་འཕེལ་རྒྱས། ཞིང་པར་འབབ་འཕར་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་གཏན་འཁེལ་བྱས་པ་རེད།
         ཚོགས་འདུའི་ཐོག 2013ལོ་དང་2014ལོར་སྲིད་གཞུང་གི་ཞིབ་མཆན་ཐོབ་པའི་མ་འཇོག་རྣམ་གྲངས་ཁུ་བསྡུ་ཐེངས་གཉིས་བྱས་པའི་རྨང་གཞིའི་ཐོག་ཞིབ་མཆན་འགོད་དགོས་པའི་རྣམ་གྲངས་སྔར་བས་གཤམ་སྤྲོད་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བཀོད་སྒྲིག་ལག་བསྟར་དང་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། དེས་ཕྱོགས་ཁག་གི་འཕེལ་རྒྱས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་རྒྱུར་ཕན་ཐོགས་ཡོད་ལ་ཁྲོམ་རའི་བྱེད་པོས་ལུགས་མཐུན་དང་ནུས་ལྡན་གྱིས་མ་འཇོག་རྒྱ་ཆེར་གཏོང་རྒྱུར་ཡང་སྐུལ་མ་ཐེབས་ཐུབ་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་གཏན་འབེབས་བྱས་དོན། ལོ་འགའ་ཤས་ཀྱི་ཉམས་མྱོང་གཞིར་བཟུང་། རྒྱལ་ཁབ་ཀྱི་འཆར་འགོད་ཁྱབ་ཁོངས་ནང་ཚད་གཞི་ཁ་གསལ་བཟོས་པའི་མ་འཇོག་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་དབང་ཆ་གཤམ་སྤྲོད་བྱེད་ཆོག་པ་སྟེ། གཅིག་ནས་དོས་སྒམ་ཆེད་སྤྱོད་གྲུ་ཁ་དང་། མངའ་ཁོངས་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་དང་ཆུ་ཐོག་གློག་ཤུགས་ལྟེ་གནས། འཁོར་སྤྱོད་ཨིན་ཇི། གྲོང་ཁྱེར་གྱི་མྱུར་བགྲོད་འཁོར་ལམ་འགྲིམ་འགྲུལ་སོགས་མ་འཇོག་རྣམ་གྲངས་ལ་ཞིང་ཆེན་རིམ་པའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་འཆར་འགོད་དང་ཆོག་འཐུས་ཚད་གཞི་སོགས་གཞིར་བཟུང་ཞིབ་མཆན་སྤྲོད་ཆོག་པ་དང་། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་མ་འཇོག་བྱས་པའི་ལྕགས་ལམ་དང་། ཟམ་པ། ཕུག་ལམ་སོགས་རྣམ་གྲངས་རང་སོ་སོས་ཇུས་ཐག་གཅོད་དགོས་པ། སྨན་བཅོས་དང་། སློབ་གསོ། རིག་གནས། ལུས་རྩལ་སོགས་སྤྱི་ཚོགས་ཁྱབ་ཁོངས་ཀྱིས་དམངས་ཁྲོད་དུ་མ་འཇོག་དང་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཞིབ་འཇུག་བྱེད་དགོས་པ་བཅས་དང་། གཉིས་ནས་ལྕགས་རིགས་དང་། རྡོ་སོལ། གློག་བརྟེན་ཧ་ཡང་དབྱེ་འབྱེད་སོགས་ཐོན་ནུས་ལྷག་མ་མང་དྲགས་པའི་ལས་རིགས་ལ་ས་གནས་ཁག་གིས་བྱ་ཐབས་གང་རུང་ཐོག་ནས་ཐོན་ནུས་གསར་སྣོན་བྱེད་མི་ཆོག་པ་དང་། རྩ་དོན་ཐོག་སྲོལ་རྒྱུན་གྱི་འབར་སྣུམ་རླངས་འཁོར་ཐོན་སྐྱེད་ཁེ་ལས་གསར་འཛུགས་ལ་ཞིབ་མཆན་སྤྲོད་རྒྱུ་མིན་པ། གསུམ་ནས་སུས་ཞིབ་མཆན་སྤྲད་ན་དེས་ལྟ་སྡོམ་བྱེད་པ་དང་སུས་གཙོ་གཉེར་བྱེད་པ་དེས་ལྟ་སྡོམ་བྱེད་པའི་རྩ་དོན་གཞིར་བཟུང་། ལྟ་སྡོམ་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ས་ནུས་ཆུ་གསུམ་གྲོན་ཆུང་དང་། ལག་རྩལ། བདེ་འཇགས་སོགས་ཀྱི་ཆོག་འཐུས་ཚད་གཞི་ནན་དུ་བཏང་ནས་ཁོར་ཡུག་ལ་ཤུགས་རྐྱེན་ཆེ་བ་དང་ཉེན་ཁ་ཆེ་བའི་རྣམ་གྲངས་ལ་ཁོར་ཡུག་ཤུགས་རྐྱེན་ཚོད་སྐོར་གྱི་ཞིབ་མཆན་འགོད་ནན་དུ་གཏོང་དགོས། “གཤམ་སྤྲོད”དང“དོ་དམ”ནུས་ལྡན་གྱི་ཐོག་ནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཁྲོམ་རའི་ཐག་གཅོད་ནུས་པ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་ཐུབ་པ་བྱེད་དགོས་པ་བཅས་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཉམས་མྱོང་དཔྱད་གཞིར་བྱས་ནས་ཁྱབ་གདལ་བཏང་སྟེ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བརྒྱུད་རང་རྒྱལ་གྱི་ཁེ་ལས་དང་ཕྱི་རྒྱལ་ནས་མ་རྩ་བཞག་པའི་ཁེ་ལས་ཚང་མར་ལྟ་སྟངས་གཅིག་མཚུངས་དང་འདྲ་མཉམ་འགྲན་རྩོད་བྱེད་པའི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུ་ནི་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། ཕྱི་རྒྱལ་ནས་མ་རྩ་བཞག་པའི་ཁེ་ལས་ཀྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས་གཞིར་བཟུང་། ཚོགས་འདུའི་ཐོག་སླད་ཕྱིན་ཕྱི་རྒྱལ་ཚོང་པས་མ་དངུལ་བཏང་བའི་ཁེ་ལས་གཉེར་སྐབས། 2015ལོའི་《ཕྱི་རྒྱལ་ཚོང་པས་མ་དངུལ་བཏང་བའི་ཐོན་ལས་མཛུབ་ཁྲིད་དཀར་ཆག་》ནང་གཏན་འགོག་བྱས་རིགས་དང་། ཚོད་འཛིན་བྱས་རིགས། ལྕག་སྐུལ་བྱས་རིགས་བཅས་ཁྲོད་རྐང་དབང་ཡོད་པ་དང་མཐོ་རིམ་དོ་དམ་མི་སྣས་བླང་བྱ་བཏོན་པའི་གཏན་འབེབས་སོགས་ཆོག་འཐུས་ཀྱི་དམིགས་བསལ་དོ་དམ་བྱ་ཐབས་དང་འབྲེལ་བ་མེད་ཕྱིན། ཁེ་ལས་འཛུགས་པ་དང་འགྱུར་ལྡོག་གཏོང་བ་ཚང་མར་ཞིབ་མཆན་འགོད་རྒྱུ་དེ་ཐོ་འགོད་སྙན་སེང་ལ་བསྒྱུར་དགོས་པ་མ་ཟད། ཐོ་འགོད་སྙན་སེང་དེའང་བཟོ་ཚོང་དང་ཕྱི་རྒྱལ་དངུལ་འགྲུལ་ཐོ་འགོད་སོགས་ཀྱི་འགྲོ་ལུགས་གཉེར་བའི་སྔོན་འགྲོའི་ཆ་རྐྱེན་ལ་བརྩི་རྒྱུ་མིན་པའི་གཏན་འཁེལ་བྱས་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། ཞིང་ལས་དེང་རབས་ཅན་ནི་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་རྒྱུའི་རྨང་གཞི་དང་འདེགས་སྐྱོར་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་བཏང་སྟེ་སྤུས་ཚད་ཀྱི་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གཅིག་ནས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོའི་ངང་འཐུས་ཚང་དུ་བཏང་ཐོག་ཞིང་དུད་ཀྱིས་རང་མོས་དང་ཁྲིམས་ལྟར་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་བྱ་ཐབས་སྣ་མང་དང་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་དགོས་པ་དང་། གཉིས་ནས་ཞིང་ལས་ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་པ། གསུམ་ནས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་གཉེར་སྐྱོང་བྱེད་པོ་དང་ཆེད་ལས་ཞིང་པ་གསར་པ་སྐྱེད་སྲིང་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་དང་དྲ་ཐོག་ཚོང་དོན་དང་དེ་བཞིན་སྤྲོ་གསེང་ཞིང་ལས་དཔེ་གསར་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་བཏང་སྟེ་ཐབས་ལམ་མང་པོའི་ཐོག་ནས་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། བཞི་ནས་སྔོ་ལྗང་ལ་བརྟེན་ནས་ཞིང་ལས་དར་བ་བྱེད་པའི་འདུ་འགོད་གལ་ཆེན་ལག་ལེན་བསྟར་སྟེ་རྫས་ལུད་དང་། ཞིང་སྨན། གཟན་ཆག་སྦྱོར་རྟ་སོགས་བེད་སྤྱོད་དོ་དམ་ནན་དུ་གཏོང་བ་དང་ཞིང་ལས་ཀྱི་ཟོག་རོ་ཐོན་ཁུངས་དང་བེད་སྤྱོད་གནོད་མེད་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཞིང་ལས་ཁྱབ་ཁོངས་ཀྱི་སྦགས་བཙོག་འབྱུང་རྩར་ཕྱོགས་བསྡུས་འགོག་བཅོས་བྱས་ཐོག་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལྔ་ནས་ཞིང་སྐྱོར་ཞིང་ཕན་ཞིང་ཕྱུག་བཅས་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་མ་འཇོག་བརྟན་པོའི་ངང་འཕར་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་རྩ་ཁྲོམ་ར་ཅན་དུ་འགྱུར་རྒྱུའི་མ་འཇོག་ཐབས་ལམ་རྒྱ་ཆེར་གཏོང་བ། ཞིང་ལས་ཁ་གསབ་སྲིད་ཇུས་ལེགས་སུ་གཏོང་བ། ཡིད་རྟོན་དངུལ་བུན་དང་འགན་བཅོལ་སོགས་ཞིང་སྐྱོར་བྱ་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་གྲོང་གསེབ་ཀྱི་ས་ཁུལ་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་ཐུབ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པ། དྲུག་ནས་ཞིང་ལས་དེང་རབས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་གཅིག་ལ་གཅིག་བརྟེན་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་ས་གནས་ཀྱི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ་དང་། ས་བབ་དང་གྲོང་བབ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ། གྲོང་མིའི་གཞི་རྩའི་སྡོད་ཁང་གི་དགོས་མཁོ་སྐོང་བ། སྡོད་སའི་ཁང་པ་ཡོད་པ་བཅས་བྱས་ཏེ་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།