མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐཱ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་10ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐཱ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཕོར་ཐིའུ་ཀལ་གྱི་ཙུང་ལི་ཁོ་སི་ཐཱ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཁོ་སི་ཐཱ་ཀྲུང་གོར་འཚམས་འདྲིར་ཕེབས་ནས་ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་37སོང་རིང་། ཕན་ཚུན་བསམ་ཤེས་དང་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་བརྗོད་དོན་གཙོ་བོ་དེ་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་ཕོར་ཐིའུ་ཀལ་མཐོ་རིམ་དབར་འབྲེལ་གཏུག་ཡང་ཡང་གནང་བ་དང་། དངོས་དོན་མཉམ་ལས་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་ཆགས་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་གལ་ཆེན་ཁྲོད་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཡོད་པས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱིས་མཐོ་རིམ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་ཀྱི་དུས་བབ་ངེས་པར་དུ་རྒྱུན་འཛིན་བྱས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་དགོས། རྒྱལ་ཁབ་གཉིས་པོས་མུ་མཐུད་ཕར་ཕྱོགས་ཀྱི་སྲོག་ཤིང་གི་ཁེ་ཕན་དང་གལ་ཆེའི་ཐུགས་ཁུར་ལ་ཕན་ཚུན་བསམ་ཤེས་དང་རོགས་སྐྱོར་བྱེད་དགོས། ཕྱོགས་གཉིས་པོས་མ་འཇོག་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དེ་བས་རྒྱ་ཆེ་བའི་ཁྲོམ་ར་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོགས་ནས་ཁེ་ལས་དེ་བས་མང་བ་ཕོར་ཐིའུ་ཀལ་དུ་མ་འཇོག་བྱས་ནས་བྱ་གཞག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། མ་འཇོག་དེ་ནུས་རྒྱུ་ནས་དངུལ་རྩའི་འགན་བཅོལ་དང་། སྨན་བཅོས་འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་བར་རྒྱ་སྐྱེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་མ་འོངས་ལ་ཕྱོགས་ནས་རྒྱ་མཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ནས་ཕོར་ཐིའུ་ཀལ“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིའི་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཕྱོགས་གཉིས་པོས་རྒྱ་མཚོའི་ཚན་ཞིབ་དང་གྲུ་ཁའི་ཟོག་འགྲེམས་འཛུགས་སྐྲུན་སོགས“མཚོ་ཐོག་དཔལ་འབྱོར”གྱི་ཁྱབ་ཁོངས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་ཡ་རབ་ངང་སྐད་ཆ་ཤོད་རྒྱུར་ཤུགས་བརྒྱབ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཛའ་མཐུན་གྱི་སྙིང་སྟོབས་བརྒྱུད་སྤྲོད་བྱེད་དགོས། ཀྲུང་གོ་ཕྱོགས་ནས་ཕོར་ཐིའུ་ཀལ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་འདི་ཉིད་དེ་བས་སྣ་མང་ཕུན་སུམ་ཚོགས་པོ་ཆགས་པ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་འབྲེལ་བ་སྤྱིའི་ཆ་ནས་འཕེལ་རྒྱས་ཡག་པོ་བྱུང་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་བར་མཐོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ནས་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཁག་གི་འབྲེལ་བ་བདེ་བླག་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཁོ་སི་ཐཱ་ཡིས་ཕོར་ཐིའུ་ཀལ་དང་ཀྲུང་གོ་དབར་གྱི་སྤེལ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕོར་ཐིའུ་ཀལ་ཕྱོགས་ནས་ཀྲུང་གོའི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་བྱས་ཡོད། ཉེ་བའི་ལོ་ཤས་རིང་ཕོར་ཐིའུ་ཀལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་བྱུང་བས་ཕྱོགས་གཉིས་པོས་མཐོ་རིམ་དབར་སྤེལ་རེས་དམ་ཟབ་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁྱབ་ཁོངས་མང་པོའི་ཐད་མཐུན་སྦྱོར་མཉམ་ལས་རྒྱུན་འཁྱོངས་ཡག་པོ་བྱས་ཡོད། ངས་ད་རེས་ཀྲུང་གོར་འཚམས་འདྲི་བྱས་པ་བརྒྱུད། ཕོར་ཐིའུ་ཀལ་དང་ཀྲུང་གོའི་དབར་ཕྱོགས་མང་པོའི་ཐད་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་བྱེད་པ་དང་། ལྷག་པར་དུ་ནུས་རྒྱུ་དང་། དངུལ་རྩ། གློག་ཤུགས། རྨང་གཞིའི་སྒྲིག་བཀོད། ཞིང་ལས། བཟོ་སྐྲུན་ལས་རིགས། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕོར་ཐིའུ་ཀལ་ཕྱོགས་ནས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱལ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ལུགས་བསྟན་གནང་བ་རེད།