མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དྲུག་པ་
གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་11ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དྲ་བའི་རྒྱལ་ཁབ་སྟོབས་ཆེའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དྲུག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་དྲ་བའི་ཆ་འཕྲིན་ལག་རྩལ་གྱི་རང་བརྟེན་གསར་གཏོད་ལ་སྐུལ་མ་མགྱོགས་མྱུར་གཏོང་བ་དང་། གྲངས་གཞིའི་དཔལ་འབྱོར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་མགྱོགས་མྱུར་གཏོང་བ། དྲ་བའི་དོ་དམ་ཆུ་ཚད་མཐོ་རུ་མགྱོགས་མྱུར་གཏོང་བ། དྲ་བའི་བར་མཐོངས་ཀྱི་བདེ་འཇགས་འགོག་སྲུང་ནུས་པ་ཆེ་རུ་མགྱོགས་མྱུར་གཏོང་བ། དྲ་བའི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་མ་མགྱོགས་མྱུར་གཏོང་བ། རང་རྒྱལ་གྱིས་དྲ་བའི་བར་མཐོངས་ཀྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་གཏན་འབེབས་བཟོ་དབང་ཆེ་རུ་མགྱོགས་མྱུར་གཏོང་བ་བཅས་བྱས་ཏེ་དྲ་བའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་ཀྱི་ཕྱོགས་སུ་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཆིང་ཧྭ་སློབ་ཆེན་གློག་རྡུལ་ཕྲ་རབ་དང་ནཱ་གློག་རྡུལ་རིག་པའི་ཚན་ཁག་གི་ཀྲུའུ་རེན་གློག་རྡུལ་ཕྲ་རབ་རིག་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དགེ་རྒན་ཆེ་མོ་བ་ཝུའེ་ཧྲའོ་ཅུན་གྱིས་གནད་དོན་དེའི་ཐད་གསལ་འགྲེལ་བྱས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོའང་བཏོན་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ནན་ཏན་ངང་གསན་པ་དང་སྦྲགས་འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་ཡང་གནང་བ་རེད།
         ཞིས་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་མིག་སྔའི་འཛམ་གླིང་དུ་དྲ་བའི་ཆ་འཕྲིན་ལག་རྩལ་ཉིན་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་པ་དེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཕྱོགས་ཡོངས་ནས་ཁྱབ་སྟེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་རྣམ་པ་དང་། ཁེ་ཕན་གྱི་རྣམ་པ། བདེ་འཇགས་ཀྱི་རྣམ་པ་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། འཛམ་གླིང་གི་རྒྱལ་ཁབ་གཙོ་བོས་དྲ་སྦྲེལ་དེ་དཔལ་འབྱོར་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་ཀྱི་གཙོ་གནད་གསར་པར་བརྩི་བ་དང་། དྲ་སྦྲེལ་དེ་འགྲན་རྩོད་དོན་གཉེར་གྱི་ལེགས་ཆ་གསར་པའི་འཐབ་ཇུས་ཀྱི་ཁ་ཕྱོགས་ལ་བརྩི་གི་ཡོད། རང་རྒྱལ་གྱི་དྲ་བའི་ཆ་འཕྲིན་ལག་རྩལ་དང་དྲ་བའི་བདེ་འཇགས་འགན་ལེན་ཐད་གྲུབ་འབྲས་མི་དམན་པ་ཐོབ་ཡོད་མོད། འོན་ཀྱང་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་བསྡུར་ཚེ་ད་དུང་ཧེ་བག་ཆེན་པོ་ཡོད། ང་ཚོས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་འཐབ་ཇུས་འཆར་འགོད་དང་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་ཁག་ལ་སྐུལ་མ་མགྱོགས་མྱུར་གཏོང་དགོས་ལུགས་བསྟན་གནང་ཡོད།
         ཞིས་ཅིན་ཕིང་གིས་དྲ་བའི་ཆ་འཕྲིན་ལག་རྩལ་ནི་གོ་ལ་ཧྲིལ་པོར་ཞིབ་སྤེལ་བྱེད་ཤུགས་ཆེས་གཅིག་སྡུད་དང་། གསར་གཏོད་ཆེས་ཡག་ཤོས། བེད་སྤྱོད་གཏོང་རྒྱ་ཆེ་ཤོས། ཁྱབ་འགྱེད་དང་སྣེ་ཁྲིད་ནུས་པ་ཆེ་ཤོས་བཅས་ཀྱི་ལག་རྩལ་གསར་གཏོད་ཁྱབ་ཁོངས་ཤིག་དང་། གོ་ལ་ཧྲིལ་པོའི་ལག་རྩལ་གསར་གཏོད་ཀྱི་འགྲན་རྩོད་བྱ་ཡུལ་ཞིག་ཡིན། ང་ཚོས་འཕེལ་ཕྱོགས་དེ་དང་བསྟུན་ནས་ལྟེ་བའི་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། འགག་རྩའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དྲ་བའི་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ལྟེ་བའི་ལག་རྩལ་གྱི་རང་བརྟེན་གསར་གཏོད་ཀྱི་འགག་གནད་དེར་དམ་པོར་དམིགས་ནས་དྲ་བ་འཕེལ་རྒྱས་ཀྱི་སྔོན་ཐོན་ལག་རྩལ་དང་རྒྱལ་སྤྱིའི་འགྲན་ནུས་ལྡན་པའི་འགག་རྩའི་སྲོག་ཤིང་ལྟ་བུའི་ལག་རྩལ་ཐད་ཚད་བརྒལ་ཡོང་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་རང་རྒྱལ་ནས་ཐོན་པའི་རང་བརྟེན་ཚོད་འཛིན་དང་ཚབ་བྱེད་ཆོག་པའི་འཆར་གཞིར་སྐུལ་མ་མགྱོགས་མྱུར་བཏང་སྟེ་བདེ་འཇགས་དང་ཚོད་འཛིན་ཆོག་པའི་ཆ་འཕྲིན་ལག་རྩལ་མ་ལག་གཏོད་དགོས། ཚན་རྩལ་ཞིབ་སྤེལ་བྱས་པ་ལས་ཐོན་པའི་ལམ་སྲོལ་དང་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་ལ་སྒྱུར་བཅོས་བྱས་ཏེ་དྲ་བའི་ཆ་འཕྲིན་ཁྱབ་ཁོངས་ཀྱི་ལག་རྩལ་སྒྲིག་ཆས་ཀྱི་འགག་སྒྲོལ་འཐབ་ཇུས་ལག་བསྟར་བྱས་ནས་ནུས་པ་མཐོ་བའི་འཆར་གཞི་དང་། སྒུལ་བདེའི་འཕྲིན་གཏོང་། ཚད་རྡུལ་འཕྲིན་གཏོང་། ལྟེ་བའི་ཉིང་ལྷེབ། བཀོལ་སྤྱོད་མ་ལག་སོགས་ལ་སྐུལ་མ་གཏོང་བའི་ཞིབ་སྤེལ་དང་བེད་སྤྱོད་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།
         ཞིས་ཅིན་ཕིང་གིས་འཛམ་གླིང་གི་དཔལ་འབྱོར་དེ་དྲ་བའི་ཆ་འཕྲིན་ལག་རྩལ་ཐོན་ལས་ནང་དོན་གལ་ཆེན་དུ་བྱས་པའི་དཔལ་འབྱོར་བྱེད་སྒོར་མགྱོགས་མྱུར་ཕྱོགས་སུ་སྒྱུར་བཞིན་ཡོད། ང་ཚོས་ལོ་རྒྱུས་ཀྱི་གོ་སྐབས་དེ་དམ་འཛིན་བྱས་ནས་ཆ་འཕྲིན་ཅན་ལ་བརྟེན་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་གསར་པ་སྤྱད་དེ་འཕེལ་རྒྱས་གསར་པར་སྐུལ་མ་གཏོང་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། དྲ་སྦྲེལ་དང་དངོས་ཚན་དཔལ་འབྱོར་འཚམ་མཐུན་གང་ལེགས་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་གྲངས་གཞི་ཅན་དང་རིག་ནུས་ཅན་ལ་མགྱོགས་མྱུར་འགྱུར་བ་བཅས་བྱས་ཏེ་གྲངས་གཞིའི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་དགོས་པའི་ནན་བཤད་གནང་ཡོད།
         ཞིས་ཅིན་ཕིང་གིས་དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་བེད་སྤྱོད་གསར་པ་འཕེལ་རྒྱས་ཟམ་མི་ཆད་པ་ཕྱིན་ནས་དྲ་སྦྲེལ་གྱི་སྤྱི་ཚོགས་སྐུལ་སློང་ནུས་པ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། དྲང་ནུས་བརྒྱུད་སྤེལ་གྱིས་བརྒྱུད་སྤེལ་བྱེད་ཤུགས་དང་སྣེ་འཁྲིད་ནུས་པ་ཆེ་རུ་གཏོང་དགོས། དྲ་ཐོག་ཉེས་གསོག་དང་ལྷག་པར་དུ་རྣམ་པ་གསར་པའི་དྲ་ཐོག་ཉེས་གསོག་ལ་དོགས་ཟོན་ཆེན་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། དྲ་བའི་བརྒྱུད་སྤེལ་སྤེལ་རེས་དང་། ཉམས་བ། ལོངས་སྤྱོད་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཀྱི་བསམ་ཚུལ་ཉན་པ་དང་། དམངས་འཚོར་ཕན་འདོགས་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུ་ཐུབ་པ་བྱེད་དགོས། དྲ་ཐོག་དང་དྲ་འོག་བློ་གཅིག་མཐུན་དང་ཤུགས་གཅིག་སྒྲིལ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱས་ནས་ཐུན་མོང་ཐོག་སྤྱི་ཚོགས་ཀྱི་ཉེན་ཁར་དོགས་ཟོན་བྱེད་པ་དང་ཐུན་མོང་ཐོག་སེམས་པ་གཅིག་མཐུན་གྱི་རྣམ་པ་བཟང་པོ་གཏོད་དགོས། དྲ་བའི་བར་མཐོངས་ཀྱི་བདེ་འཇགས་དང་དྲ་བའི་གྲངས་གཞིའི་འཐུས་ཚང་རང་བཞིན་དང་། བདེ་འཇགས་རང་བཞིན། བློས་འགེལ་ཆོག་པའི་རང་བཞིན་བཅས་སྲུང་སྐྱོང་བྱས་ནས་དྲ་བའི་བར་མཐོངས་ཀྱི་བདེ་འཇགས་སྲུང་ནུས་ཆེ་རུ་གཏོང་དགོས་ལུགས་བསྟན་གནང་ཡོད།
         ཞིས་ཅིན་ཕིང་གིས་དྲ་སྦྲེལ་དང་ལྷག་དོན་དུ་སྒུལ་བདེའི་དྲ་སྦྲེལ་འཕེལ་རྒྱས་ཕྱིན་པ་དང་སྦྲགས་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་དེ་ཕྱོགས་རྐྱང་པའི་དོ་དམ་ནས་ཕྱོགས་གཉིས་མཉམ་འགུལ་གྱི་ཕྱོགས་སུ་འགྱུར་བཞིན་ཡོད་པ་དང་། དྲ་འོག་ནས་དྲ་ཐོག་དང་དྲ་ཐོག་དྲ་འོག་མཉམ་འདྲེས། སྲིད་གཞུང་ཁོ་ནའི་ལྟ་སྐུལ་དོ་དམ་ནས་སྤྱི་ཚོགས་མཐུན་སྦྱོར་བཅོས་སྐྱོང་ལ་དེ་བས་སྣང་ཆེན་བྱེད་པའི་བར་འགྱུར་ལྡོག་འགྲོ་བཞིན་ཡོད། ང་ཚོས་རྒྱལ་ཁབ་ཀྱི་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་ཐད་ཐོན་པའི་དྲ་སྦྲེལ་གྱི་ནུས་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་གློག་རྡུལ་སྲིད་དོན་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་གྲོང་ཁྱེར་གསར་པ་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་བྱེད་པ་དང་། གྲངས་གཞི་གཅིག་སྡུད་དང་མཉམ་སྤྱོད་ཀྱི་ཐབས་ལ་བརྟེན་ནས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་ལྟེ་གནས་བསྐྲུན་ནས་ལག་རྩལ་མཉམ་བསྲེས་དང་། ལས་སྒོ་མཉམ་བསྲེས། གྲངས་གཞི་མཉམ་བསྲེས་བཅས་ལ་སྐུལ་འདེད་བཏང་ནས་རིམ་པ་སྒྲོལ་བ་དང་། ས་ཁོངས་སྒྲོལ་བ། མ་ལག་སྒྲོལ་བ། སྡེ་ཚན་སྒྲོལ་བ། ལས་སྒོ་སྒྲོལ་བ་བཅས་ཀྱི་ཐུན་མོང་གི་དོ་དམ་དང་ཞབས་ཞུ་མངོན་འགྱུར་ཡོང་བ་བྱེད་དགོས། དྲ་སྦྲེལ་བསམ་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་དྲ་སྦྲེལ་གྱི་སྣོལ་རེས་རྣམ་པ་དང་སྟབས་བདེའི་རང་བཞིན་སྤྱད་དེ་སྲིད་གཞུང་གི་འཐབ་ཇུས་ཚན་རིག་ཅན་དང་། སྤྱི་ཚོགས་བཅོས་སྐྱོང་གནད་སྨིན་ཅན། སྤྱི་པའི་ཞབས་ཞུ་ནུས་ཆེ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་ཅན་གྱི་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དུས་བབ་དེ་བས་ལེགས་པའི་སྒོ་ནས་ཚོར་ཐུབ་པ་བྱེད་པ་དང་། སྦྲེལ་མཐུད་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། སྲིད་ཇུས་ལག་བསྟར་ལ་གཞོགས་འདེགས་བྱེད་པ་བཅས་བྱེད་དགོས་ཞེས་གསུངས།
         ཞིས་ཅིན་ཕིང་གིས་བདེན་ཡོད་སྤོབས་ཆེའི་ངང་རང་རྒྱལ་གྱི་དྲ་བའི་བར་མཐོངས་ཀྱི་དབང་ཆར་སྲུང་སྐྱོང་བྱས་ཏེ་ང་ཚོའི་འདོད་ཚུལ་གསལ་པོ་བཏོན་དགོས། ད་ཆ་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས་གལ་སྲིད་དྲ་སྦྲེལ་སྤྱོད་མི་ཤེས་པ་དང་སྤྱོད་མཁས་པོ་མ་བྱུང་ན། ལས་དོན་བདེ་བླག་ངང་སྤེལ་ཐབས་བྲལ་ཞེས་ནན་བཤད་གནང་བ་རེད།