མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས་སྟོབས་ཤུགས་ཅི་འདྲ་ཞིག་
གིས་ཀྱང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་
གོམ་སྟབས་འགོག་མི་ཐུབ་ཅེས་བཤད་པ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་12ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཐའེ་དབན་གྱི་ད་ལྟའི་འགོ་ཁྲིད་པའི་བཅུ་པའི་ཚེས་བཅུའི་གཏམ་བཤད་ཁྲོད་ཀྱི་ངོགས་གཉིས་ཀྱི་འབྲེལ་བའི་ནང་དོན་ལ་དམིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཨན་ཧྥུང་ཧྲན་གྱིས་ཚེས་10ཉིན“92ལོའི་ཐུན་མོང་ངོས་འཛིན”ལས་མངོན་པའི་ཀྲུང་གོའི་རྩ་དོན་དེ་ངོགས་གཉིས་ཀྱི་འབྲེལ་བའི་ཁྲིམས་གཞི་དང་དོན་དངོས་དང་མཐུན་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་མཐུན་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་རྒྱུའི་རྨང་གཞི་ཞིག་རེད།“92ལོའི་ཐུན་མོང་ངོས་འཛིན”དང་ལེན་བྱེད་མིན་ནི་ཐའེ་དབན་གྱི་ད་ལྟའི་འགོ་ཁྲིད་མི་སྣས་བརྗོད་པའི“སེམས་བཟང་གི་འདོད་ཚུལ”ཡིན་མིན་ཞིབ་དཔྱད་བྱེད་ས་ཞིག་རེད། “92ལོའི་ཐུན་མོང་ངོས་འཛིན”གྱི་ལོ་རྒྱུས་ཀྱི་དོན་དངོས་ཁས་ལེན་བྱེད་པ་དང་དེའི་དོན་སྙིང་ཁས་ལེན་བྱས་ཚེ། ངོགས་གཉིས་འདྲ་མཉམ་གྲོས་མོལ་དང་དགེ་མཚན་ལྡན་པའི་སྤེལ་རེས་བྱེད་ཆོག་པས་ངོགས་གཉིས་ཀྱི་སྤུན་ཟླ་ཚོར་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་མདུན་ལམ་བཟང་པོ་ཞིག་ཐོབ་ཐུབ། “92ལོའི་ཐུན་མོང་ངོས་འཛིན”ཁས་ལེན་མི་བྱེད་པར་ངོགས་གཉིས་ཁ་གཏད་དུ་ལངས་རྒྱུའི་ངན་སྐུལ་བྱས་ཚེ། ངོགས་གཉིས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་འབྲེལ་བར་གནོད་འཚེ་བཟོ་སྲིད་པས་བསམ་བློ་དེ་རིགས་ནི་ལོག་ལམ་ཞིག་རེད་ཅེས་བཤད།
         ཨན་ཧྥུང་ཧྲན་གྱིས་ངོགས་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་དེ“92ལོའི་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་ཐོག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་ལྷག་བསམ་བཟང་པོར་འགྱུར་ལྡོག་གཏོང་མི་སྲིད། ཐའེ་དབན་ལ་ཞི་མཐུན་གཏོད་པ་དང་། སྤུན་ཟླར་བདེ་སྐྱིད་སྐྲུན་པ། མི་རིགས་བསྐྱར་དར་ཡོང་བ་བྱེད་པ་བཅས་ཀྱི་བླ་ན་མེད་པའི་དམ་བཅའ་དོར་མི་སྲིད། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བསམ་བློར་གཡོ་འགུལ་ཐེབས་མི་སྲིད། ལོ་རྒྱུས་ཀྱི་རླབས་རྒྱུན་རྔམ་བརྗིད་ལྡན་པས་དེར་བསྟུན་ན་དར་བ་དང་། དེ་དང་འགལ་ན་འཇིག་གི་རེད། མེས་རྒྱལ་སྐམ་ས་ཆེ་མོའི་དར་རྒྱས་ཡར་ཐོན་དེ་རྨང་གཞིར་བྱས་ནས་ཀྲུང་གོ་མི་དམངས་དུང་ཕྱུར་13ལྷག་ཙམ་གྱི་སྟོབས་ཆེའི་དམངས་ཀྱི་འདོད་བློའི་རྒྱབ་བརྟེན་ཡོད་པས་སྟོབས་ཤུགས་ཅི་འདྲ་ཞིག་གིས་ཀྱང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་བཤད།