མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་གསར་གཏོད་བྱེད་རྒྱུའི་ཐད་
མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་14ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཉིན་ཤས་གོང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་གསར་གཏོད་བྱེད་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་ཞིག་ཧུར་ཐག་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་། སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་བར་ཕྱོགས་གཅིག་ནས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་དང་ཅིག་ཤོས་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དམ་འཛིན་བྱས་པས་དུས་བདེ་བསྐྲུན་རྒྱུར་ཕན་འབྲས་གསར་པ་ཐོན་ཡོད་པ་རེད། མཉམ་འགུལ་མཉམ་འདྲེས་དང་སྒོ་དབྱེ་མཉམ་བཅོས་ལ་སྔར་བས་དོ་སྣང་ཆེན་པོ་བྱེད་པ་དང་། དམངས་གཙོ་ཁྲིམས་སྐྱོང་དང་ཚན་རྩལ་གསར་གཏོད་ལ་དེ་བས་གཙིགས་ཆེན་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་སུ་འགྱུར་བའི་ཆུ་ཚད་གོང་མཐོར་བཏང་ནས་ཉེན་ཁ་སྣ་ཚོགས་ལ་སྔོན་དཔག་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བ། མ་བྱུང་སྔོན་འགོག་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཆེད་དོན་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་བྱེད་དགོས་པ། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་བསྡུས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་གང་མགྱོགས་བསྐྲུན་དགོས་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་ནས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་ཡུལ་ཕྱོགས་དེ་གའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་ཡུལ་ཕྱོགས་དེ་གའི་དུས་བདེ་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་ངང་འཁུར་དགོས་ཞེས་གསུངས་པ་རེད།
         རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གསར་གཏོད་ལས་དོན་ཚོགས་འདུ་དེ་ཚེས་10དང་11ཉིན་ཅང་ཤིས་ནན་ཁྲང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་དང་གསུང་བཤད་ཀྱང་གནང་བ་རེད།
         ཚོགས་འདུའི་ཐོག་སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། དུས་བབ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ། ལས་ཀའི་སྔོན་མཐོང་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ། མིག་སྔར་གཞི་འཛུགས་པ་དང་ཕུགས་ལ་དམིགས་རྒྱུ་ཟུང་འབྲེལ་མཐའ་འཁྱོངས། འདུ་ཤེས་དང་། ལམ་ལུགས། ལམ་སྲོལ། བྱ་ཐབས་བཅས་གསར་གཏོད་བྱ་རྒྱུར་སྐུལ་མ་ཧུར་ཐག་གཏོང་བ་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         རྒྱལ་དོན་ཨུ་ཡོན་སྤྱི་བདེ་པུའི་པུའུ་ཀྲང་ཀུའོ་ཧྲེང་ཁུན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཚའོ་ཅན་མིང་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།