མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་བྷང་ག་ལའི་ཙུང་ལི་ཧ་ཞི་ནཱ་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་16ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་བྷང་ག་ལའི་ཙུང་ལི་ཧ་ཞི་ནཱ་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཏ་ཁར་བྷང་ག་ལའི་ཙུང་ལི་ཧ་ཞི་ནཱ་དང་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་བྷང་གའི་སྲོལ་རྒྱུན་གྱི་མཛའ་གྲོགས་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཐོབ་པའི་འཕེལ་རིམ་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བར་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་བྱུང་ནས། ཀྲུང་གོ་དང་བྷང་ག་ལའི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རིམ་པ་དེ་བས་མཐོ་བའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་རྒྱུའི་ཞལ་བཞེས་མགྲིན་གཅིག་ཏུ་གནང་བ་རེད།
         ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་བགྲང་བྱ་41ཚུན་དུ་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་འབྲེལ་བ་འཕེལ་རྒྱས་བཏང་ནས། ཕྱོགས་གཉིས་པོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་བདམས་པའི་འཕེལ་རྒྱས་ལམ་བུ་དང་ཕྱི་ནང་གི་སྲིད་ཇུས་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་བྷང་ག་ལའི་འབྲེལ་བར་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ཕྱོགས་གཉིས་པོས་2010ལོར་བཙུགས་པའི་ཀྲུང་གོ་དང་བྷང་ག་ལའི་དེ་བས་དམ་ཟབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་དང་། དཔལ་འབྱོར་ཉོ་ཚོང་། རིག་གནས། བདེ་འཇགས། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་ཚང་མར་སྐུལ་འདེད་བརྟན་པོ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་དང་མཛའ་གྲོགས་མཉམ་ལས་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ནུས་པས་ཐེག་ཚོད་ཀྱི་ཁྱབ་ཁོངས་ནང་བྷང་ག་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་ཀྱིས“ལོ་བརྒྱ་གཉིས”ཀྱི་དམིགས་ཚད་དང“གསེར་མདོག་བཀྲ་བའི་བྷང་ག་ལའི”ཕུགས་འདུན་གྱི་ཕྱོགས་སུ་ཁག་སོ་སོས་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་བྷང་ག་ལ་ཕྱོགས་ཀྱི་ཕྱི་ཕྱོགས་མཉམ་ལས་འཐབ་ཇུས་དང་སྦྲེལ་མཐུད་དམ་ཟབ་བྱེད་ཆོག ཀྲུང་གོ་ཕྱོགས་ནས་བྷང་ག་ལ་དང་མཉམ་དུ་འབད་པ་ཧུར་ལེན་གྱིས་འཕེལ་རྒྱས་ལམ་བུའི་ཐོག་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་དང་རོགས་ཟླ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འབྲས་བུ་དེ་བས་བཟང་བ་སྨིན་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྣོན་འདོད་ཡོད།
         ཧ་ཞི་ནཱས། བྷང་ག་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏིང་གནང་བའི་སྲོལ་རྒྱུན་གྱི་མཛའ་གྲོགས་བྷང་ག་ལའི་མི་སེམས་སུ་གཏིང་ཟབ་ཟུག་ཡོད། བྷང་ག་ལས་ཀྲུང་གོའི་འཕེལ་རྒྱས་འབྲས་བཟང་ལ་དད་གུས་དང་ཡིད་སྨོན་ཟབ་མོ་སྐྱེ་ཡི་འདུག་པས། “གསེར་མདོག་བཀྲ་བའི་བྷང་ག་ལའི”ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱུད་རིམ་ཁྲོད་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་འདོད་ཡོད། བྷང་ག་ལ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྐྲུན་པའི་ནང་ཧུར་ཐག་ཞུགས་ནས་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་རྒྱབ་སྐྱོར་གྱིས་བྷང་ག་ལའི་གློག་ཤུགས་དང་། ནུས་རྒྱུ། ལག་རྩལ། ཞིང་ལས། ཆུ་བེད། མ་འཇོག འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། ཕན་ཚུན་འབྲེལ་གཏུག་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། བྷང་ག་ལ་ཕྱོགས་ཀྱིས་བློ་ཐག་ཆོད་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་སྣང་ཆེ་བའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བའི་མ་འོངས་འཕེལ་རྒྱས་འཆར་འགོད་ཐད་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་དེ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་དང་། ཀྲུང་གོ་དང་བྷང་ག་ལའི་སྲོལ་རྒྱུན་མཛའ་གྲོགས་དེ་མཐོ་ཚད་གསར་པར་སྐུལ་འདེད་ཀྱིས་ཀྲུང་གོ་དང་བྷང་ག་ལའི་མཛའ་གྲོགས་མཉམ་ལས་དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་བ་དེ་བས་མང་བ་བསྐྲུན་རྒྱུ་ཡིན་པའི་ཞལ་བཞེས་མགྲིན་གཅིག་ཏུ་གནང་བ་རེད།
         ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་མཐོ་རིམ་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། དེ་བཞིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་བཅས་རྒྱ་ཆེར་བཏང་ཁར། མུ་མཐུད་ཕན་ཚུན་གྱི་རྩ་བའི་ཁེ་ཕན་དང་དོ་སྣང་བྱ་ཡུལ་གལ་ཆེར་བརྩི་འཇོག་དང་རྒྱབ་སྐྱོར་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་ཀྱིས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་ཀྱི་ཚོང་དོན་གཞི་ཁྱོན་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ནུས་མཉམ་ལས། ནུས་རྒྱུ་གློག་ཤུགས། འགྲིམ་འགྲུལ་སྐྱེལ་འདྲེན། ཆ་འཕྲིན་འཕྲིན་གཏོང་། ཞིང་ལས་སོགས་ཁྱབ་ཁོངས་གཙོ་གནད་དུ་བརྩིས་ཏེ། ཀྲུང་གོ་དང་བྷང་ག་ལའི་རྣམ་གྲངས་ཆེ་ཁག་ལ་མཉམ་ལས་བྱེད་པའི་རྣམ་པ་གསར་པ་བཏོད་པ་མ་ཟད། རྒྱ་མཚོ་དང་། ཆུ་བེད། ཚན་རྩལ་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་བྷང་ག་ལའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཀྱི་མཉམ་ལས་དང་། འཕེལ་རྒྱས་དང་། ནུས་རྒྱུ། འབྲུ་རིགས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་གནད་དོན་ཐད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་སྒྲོམ་གཞིའི་ནང་ཕྱོགས་གཉིས་དང་ཕྱོགས་མང་པོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ས་ཁུལ་དབར་གྱི་འབྲེལ་གཏུག་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་དང་། ཕྱོགས་གཉིས་པོས་ཐུན་མོང་ཐོག་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད།

  
2016-10-14