མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་སྐབས་120པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་
གྱི་ཚོང་འདུས་འགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་17ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་སྐབས་120པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་འདུས་ཀོང་ཀྲོའུ་རུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་ནང་ཞིས་ཅིན་ཕིང་གིས། ལོ་60ཡི་ནང་ཀོང་ཀྲོའུ་ཚོང་འདུས་ཀྱིས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་འདི་ཉིད་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག་ཀོང་ཀྲོའུ་ཚོང་འདུས་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ་སྒྲིག་སྲོལ་ལམ་སྲོལ་དང་ཚོང་དོན་རྣམ་པ་གསར་གཏོད་ཀྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་ཚོང་འདུས་ནང་ཞུགས་མཁན་རྒྱ་ཆེའི་ཁེ་ལས་ཀྱི་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཁར། ཕྱོགས་མང་ཐོག་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལས་སྟེགས་ཀྱི་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱས་ཏེ་རིམ་པ་དེ་བས་མཐོ་བའི་སྒོ་ནས་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་སྤྱད་དེ་རང་རྒྱལ་གྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་ནང་། ལོ་60ཡི་ནང་རང་རྒྱལ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྐར་ཁུང་གལ་ཆེན་དང་ཁེ་ལས་རྒྱལ་སྤྱིའི་ཁྲོམ་རའི་ཐོག་བསྐྱོད་པའི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ཀོང་ཀྲོའུ་ཚོང་འདུས་ཀྱིས་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ལེགས་པར་སྤྱད་དེ“ནང་འདྲེན”དང“ཕྱིར་སྐྱོད”ཟུང་འབྲེལ་དམ་ཟབ་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་སྒོ་དབྱེ་འཕེལ་རྒྱས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་བཙུགས་ཏེ་རེས་སྐོར་གསར་པའི་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་བླང་བྱ་གཞིར་བཟུང་། ཀོང་ཀྲོའུ་ཚོང་འདུས་ཀྱི་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན། ཁྲོམ་ར་ཅན། ཆ་འཕྲིན་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཁེ་ལས་ཀྱིས་ཁྲོམ་ར་རྒྱ་བསྐྱེད་གཏོང་རྒྱུ་དང་སྤུས་རྟགས་ལེགས་སུ་གཏོང་རྒྱུར་དེ་བས་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་གི་གྲུབ་ཆ་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།

  
2016-10-14