མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་གཟེངས་བསྟོད་བྱེད་སྒོར་
མཛུབ་སྟོན་གལ་ཆེན་གནང་སྟེ་ཀུན་སེམས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་
གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དོན་ཐོག་ཏུ་ཏན་
ཏིག་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་18ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་བ། 
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་ཐེངས་གསུམ་པའི་དབུལ་སྐྱོར་ཉིན་མོ་སླེབས་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བྱ་དགའི་གཟེངས་བསྟོད་བྱེད་སྒོར་མཛུབ་སྟོན་གལ་ཆེན་གནང་སྟེ། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ་བཙུགས་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་དཔེ་མཚོན་འཛུགས་རྒྱུ་དང་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སྐུལ་སློང་བྱས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ་ཐེངས་དང་པོ་ཐོབ་མཁན་དང་རྒྱལ་ཡོངས་དབུལ་སྐྱོར་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ། སྔོན་ཐོན་ལས་དོན་པ་བཅས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་མཚོན་བྱེད་རང་བཞིན་གྱི་དམིགས་ཚད་ནི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་རེད། ལས་འགན་དེ་ལེགས་གྲུབ་བྱེད་པར་ས་ཁུལ་དབུལ་པོའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་། རིམ་ཁག་དབུལ་སྐྱོར་བྱེད་པོས་སྒྲིག་འཛུགས་བྱས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཕྱོགས་ཁག་གིས་ལྷག་བསམ་རྣམ་དག་གི་རོགས་སྐྱོར་བྱེད་པ། དབུལ་སྐྱོར་ལམ་སྲོལ་དང་དབུལ་སྐྱོར་བྱེད་ཐབས་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་བཅས་བྱེད་དགོས། སྔོན་ཐོན་དཔེ་མཚོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སྔར་བས་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་གཏོང་བ་དང་ས་ཁུལ་དབུལ་པོའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྔར་བས་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་བཏང་སྟེ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ནས་ཀུན་སེམས་གཅིག་འགྲིལ་དང་དཀའ་སྤྱད་འབད་འཐབ་ཀྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས་ཞེས་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གནང་སྟེ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་གྲུབ་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན་པར་བརྟེན་སྤྱི་ཚོགས་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ལོ་མང་རིང་། རྒྱལ་ཡོངས་སུ་མི་སེམས་འགུལ་བའི་དབུལ་སྐྱོར་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད་པ་དང་། མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་དང་རོགས་རམ་བྱེད་རྒྱུའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། “རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ”ཐོབ་མཁན་དང་དབུལ་སྐྱོར་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ། སྔོན་ཐོན་ལས་དོན་པ་བཅས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
         དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་མདུན་མར་ལས་ཀ་བྱེད་མཁན་རྒྱ་ཆེའི་བློ་མཐུན་ཚོས་ཁོང་ཚོ་མིག་དཔེར་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གཞི་རྩའི་བྱེད་ཕྱོགས་སུ་བརྩིས་ནས་རྒྱལ་ཁབ་དང་། མཉམ་སྡེབ། མི་སྒེར་བཅས་ཀྱི་སྟོབས་ཤུགས་གཅིག་འགྲིལ་འདོན་སྤེལ་བྱས་ཐོག་ཆོད་སེམས་ཆེན་པོ་དང་། བྱ་ཐབས་བརྟན་པོ། ལས་དོན་ཏན་ཏིག་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ཏེ་མང་ཚོགས་དབུལ་པོ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་ཐུབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་དབྱང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་ནི་སྒྲུབ་ནས་བྱུང་བ་ཞིག་རེད། སྔོན་ཐོན་མི་སྣར་གཟེངས་བསྟོད་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་དབུལ་སྐྱོར་དབུལ་སྒྲོལ་གྱི་སྔོན་ཐོན་དཔེ་བཟང་བའི་མཛད་རྗེས་དྲིལ་བསྒྲགས་སློབ་སྦྱོང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་། དབུལ་སྐྱོར་གུད་སྐྱོབ། རང་སྟོབས་རང་སྤེལ། གསར་འབྱེད་གསར་གཏོད་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ནུས་ཤུགས་དེ་བས་མང་བ་སྐུལ་སློང་བྱས་ཏེ་དབུལ་སྐྱོར་ལས་དོན་ནང་ཞུགས་པ་དང་འབྲེལ་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱེད་དགོས། སྒྲིག་འཛུགས་དང་སྐུལ་སློང་གི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་ནང་ཞུགས་པའི་ལས་སྟེགས་བསྐྲུན་པ་དང་སྲིད་ཇུས་གྱི་འདེགས་སྐྱོར་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཡོངས་སུ་མི་ཚང་མས་བྱེད་འདོད་པ་དང་། མི་ཚང་མས་བྱེད་ཆོག་པ། མི་ཚང་མས་བྱེད་ཐུབ་པ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཁོར་ཡུག་གི་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་སྒྲོག་སྦྱང་བྱས་པ་དང་། རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ་ཐོབ་མཁན་དང་། རྒྱལ་ཡོངས་དབུལ་སྐྱོར་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ། སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱས་པ་རེད།

  
2016-10-14