མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བརྒྱད་པར་
ཞུགས་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་19ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བརྒྱད་པར་
ཞུགས་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ།

         ཆོད་སེམས་བརྟན་པོ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་དགུ་པ་གཙོ་གཉེར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་16ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བརྒྱད་པ་རྒྱ་གར་གྱི་གོ་ཨ་རུ་འཚོགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ། པར་ཙིར་གྱི་ཙུང་ཐུང་ཐེ་མེར། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས“ནུས་ལྡན་དང་། བསྟུན་མཁས། ཐུན་མོང་བཅས་ཀྱི་ཐག་གཅོད་ཇུས་གཞི་གཏོད་དགོས”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་གཟིགས་ཚུལ་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ་ཐུན་མོང་གི་ངོས་འཛིན་གྲུབ་ཡོད་པ་རེད།
         ཞིས་ཅིན་ཕིང་གིས“ཆོད་སེམས་བརྟན་པོ་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས”ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་ནས་འབོ་གསེར་རྒྱལ་ཁབ་དང་མཉམ་ལས་ལོ་10བྱས་པར་ཐོབ་པའི་གཡུར་དུ་ཟ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། འབོ་གསེར་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་རྒྱལ་སྤྱིའི་ཁོར་ཡུག་ཆེན་པོ་ལས་བྱུང་བའི་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུའི་ཐད་གྲོས་འགོ་བཏོན་གནང་བ་མ་ཟད། ད་དུང་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ཏེ་འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འདིང་རྒྱུ་དང་། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་འདི་ལོ་ནི་འབོ་གསེར་རྒྱལ་ཁབ་ཁག་དབར་མཉམ་ལས་བྱས་ནས་ལོ་10འཁོར་བའི་ལོ་དང་ཏག་ཏག་འཁེལ་ཡོད། ལོ་10འབད་བརྩོན་བྱས་པ་བརྒྱུད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཏན་ཏིག་བྱུང་ནས་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་སྤྱིའི་ལམ་སྲོལ་ཞིག་འཕེལ་རྒྱས་གཏོང་བའི་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འདི་ནི་ཐུན་མོང་ཐོག་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་ལོ་10ཡིན། ང་ཚོས་སྔོན་ལ་འཕེལ་རྒྱས་ཡོང་ཐབས་བྱེད་པ་དང་། སེམས་ནུས་གཅིག་སྒྲིལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ནི་མཉམ་ལས་རྒྱ་ཆེ་དང་གཉིས་ཁེ་གཉིས་ཕན་བྱུང་བའི་ལོ་10ཡིན། ང་ཚོས་ཕྱོགས་མང་བ་དང་རིམ་པ་མང་བའི་མཉམ་ལས་ཀྱི་སྒྲོམ་གཞི་ཧུར་ཐག་བཙུགས་ནས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་བཅས་བྱས་ཡོད། འདི་ནི་འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པའི་ལོ་10ཡིན། ང་ཚོས་ལག་གདང་སྦྲེལ་ཏེ་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཕོག་ཐུག་ལ་ཁ་གཏད་བཅག་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གལ་ཆེའི་གནད་དོན་ཐད་ཐུན་མོང་ཐོག་གསལ་བསྒྲགས་སྤེལ་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་དང་སྒྱུར་བཅོས་བྱེད་པའི་འཕེལ་རིམ་ནང་སྐུལ་འདེད་ཧུར་ཐག་བཏང་བས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་བྱེད་དབང་ཆེ་རུ་ཕྱིན་ཡོད། འདས་ཟིན་པའི་ལོ་10ཡི་ནང་འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་50%ལྷག་ཙམ་ཟིན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་མིག་སྔར་འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་རྙོག་འཛིང་ཆེ་ལ་ཛ་དྲག་པའི་ཕྱི་ཕྱོགས་ཀྱི་ཁོར་ཡུག་འཕྲད་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་ཆོད་སེམས་བརྟན་པོས་ཐུན་མོང་ཐོག་འགྲན་རྩོད་ལ་ཁ་གཏད་གཅོག་དགོས། ང་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་ལག་གདང་སྦྲེལ་ཏེ་ཁ་གཏད་གཅོག་ཐབས་འཚོལ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་ནི་འབོ་གསེར་རྒྱལ་ཁབ་ལམ་སྲོལ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་མཁན་དང་དེའི་ནང་ཞུགས་མཁན་ཞིག་ཡིན་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་དེ་ཀྲུང་གོའི་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་པས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་པའི་ཡིད་ཆེས་ཡོད། ཕྱི་ལོ་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་དགུ་པ་གཙོ་གཉེར་བྱས་ནས་ཁོངས་མིའི་རྒྱལ་ཁབ་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འདིང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         དེ་གོང་འཚོགས་པའི་གཞི་ཁྱོན་ཆུང་བའི་ཚོགས་འདུའི་ཐོག་ཞིས་ཅིན་ཕིང་གིས་2017ལོར་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དང་འབྲེལ་ཕྱི་ལོའི་ཟླ་9པར་ཕུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་དགུ་པ་གཉེར་རྒྱུའི་ཁྱབ་བསྒྲགས་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཐུན་མོང་ཐོག་སྐབས་རིམ་བྱུང་གི་མཇལ་འཛོམས་ཀྱི་མཐུན་ཆ་དོན་འཁྱོལ་ཡག་པོ་བྱེད་པ་དང་ཐུན་མོང་ཐོག་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད། ཚོགས་ཞུགས་འགོ་ཁྲིད་མི་སྣས་ནུས་ཤུགས་ཡོད་རྒུས་ཀྲུང་གོས་ཤ་མོན་དུ་མཇལ་འཛོམས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         མཇལ་འཛོམས་མཇུག་འགྲིལ་རྗེས་རྒྱལ་ཁབ་ལྔའི་འགོ་ཁྲིད་མི་སྣས་ཐུན་མོང་ཐོག་《འབོ་གསེར་རྒྱལ་ཁབ་ཀྱི་ཞིང་ལས་ཞིབ་འཇུག་སྟེགས་བུ་བསྐྲུན་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ་》དང་《འབོ་གསེར་རྒྱལ་ཁབ་ཀྱི་འགག་སྒོའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་སྒྲིག་ཡིག》《འབོ་གསེར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སློབ་གླིང་གི་མཉམ་ལས་བསམ་ཤེས་བརྗེད་ཐོ་》སོགས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད་གནང་བ་དང་འབྲེལ་གསར་འགོད་པའི་མཉམ་འབྲེལ་ཚོགས་འདུར་བཞུགས་པ་རེད།
         ཚོགས་འདུའི་ཐོག་《གོ་ཨའི་བསྒྲགས་གཏམ་》སྤེལ་བ་རེད།

  
2016-10-14