མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཧུའུ་ལར་གྱི་
ཀྲུའུ་ཞི་ཨེན་ཧོ་པའོ་ལེ་ཏེ་དང་མཇལ་འཛོམས་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་དུ“2016ལོའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་དབར་གྱི་གླེང་མོལ་ཚོགས་འདུར”ཕེབས་པ་དང་འབྲེལ་ཀྲུང་གོར་འཚམས་འདྲི་གནང་བཞིན་པའི་མོང་གོལ་མི་དམངས་ཏང་གི་ཀྲུའུ་ཞི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཧུའུ་ལར་གྱི་ཀྲུའུ་ཞི་ཨེན་ཧོ་པའོ་ལེ་ཏེ་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཡུན་གྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་མོལ་གོལ་དབར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་གི་ཡོད། མོང་གོལ་ཕྱོགས་དང་འབྲེལ་གཏུག་དང་། མཐུན་སྦྱོར། མཉམ་ལས་བཅས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་མོང་གི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། སླད་ཕྱིན་ཀྲུང་མོང་རྒྱལ་ཁབ་གཉིས་པོས་མཐོ་རིམ་འགྲོ་འོང་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་ཁ་ཕྱོགས་ཡང་དག་བསྟན་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་མཛའ་གྲོགས་འགྲོ་འོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་སྲིད་འཛིན་ཏང་གིས་ཏང་དབར་གྱི་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་བཅོས་སྐྱོང་གི་ཉམས་མྱོང་བཟང་པོ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། སྲིད་འཛིན་ནུས་པ་ཆེ་རུ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རང་རང་སོ་སོའི་འབད་འཐབ་དམིགས་ཚད་ཁག་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་ལག་གདང་སྦྲེལ་ནས་འགྲན་སློང་བསུ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ“ཀྲུང་གོའི་མྱུར་འཁོར”ནང་བཞུགས་ཏེ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་བ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་དམིགས་བསལ་གྱི་གནད་དོན་ཐག་གཅོད་འོས་འཚམ་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བའི་ཁྱོན་ཡོངས་སྲུང་སྐྱོང་བྱས་ནས་ཕར་ཕྱོགས་ཀྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
2016-10-19 2016-10-14