མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་པ་སི་ཁེ་སི་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་20ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་པ་སི་ཁེ་སི་དང་གྲོས་མོལ་གནང་བ།

         རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཝུའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐུགས་ཐག་བཅད་པ། 
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་པ་སི་ཁེ་སི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཀྲུང་ཝུའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཛའ་གྲོགས་མཉམ་ལས་ཟབ་ཏུ་དང་རྒྱ་ཆེར་བཏང་ནས་ཐུན་མོང་ཐོག་ཕྱོགས་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་རྩོམ་རྒྱུའི་ཐུགས་ཐག་བཅད་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་ཝུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་གི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་རིམ་གྱི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱེད་པ་དང་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་སོགས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་ཤེས་རྟོགས་དང་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ་དང་། ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས་ཁེ་ཕན་མཉམ་འདྲེས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ར་ཀུའེ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་ཞིང་ལས་མཉམ་ལས་ཀྱི་ལོ་ལྔའི་འཆར་འགོད་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ཏེ་ཕྱོགས་གཉིས་པོའི་ཚོང་དོན་གྲུབ་ཆ་བཟང་སྒྲིག་དང་ཞབས་ཞུའི་ཚོང་དོན་རྒྱ་ཆེར་བཏང་ནས་ཕྱོགས་གཉིས་པོའི་ཚོང་དོན་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ཝུ་རེ་ཀུའེ་རུ་མ་འཇོག་ལས་དར་དང་ཝུ་རེ་ཀུའེ་ཡི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཏེ་ཕྱོགས་གཉིས་པོའི་ཞིང་ལས་དང་། ནུས་རྒྱུ་གཙང་མ། འཕྲིན་གཏོང་། གཏེར་ལས། བཟོ་སྐྲུན་ལས་རིགས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། ཕྱོགས་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྤེལ་རེས་ཟབ་ཏུ་བཏང་ནས་རིག་གནས་དང་། སློབ་གསོ། ཚན་རྩལ། ལྷོ་སྣེ། ཡུལ་སྐོར། ས་གནས། རྐང་རྩེད་སྤོ་ལོ་སོགས་ཁྱབ་ཁོངས་ཐད་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཝུའེ་མཛའ་གྲོགས་བརྟན་དུ་གཏོང་དགོས། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་། གོ་ལའི་དཔལ་འབྱོར་བཅོས་སྒྲིག 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ། ཞི་བདེ་སྲུང་སྐྱོང་། ལྷོ་ལྷོའི་མཉམ་ལས་སོགས་ཀྱི་གནད་དོན་ཐད་ཝུ་ར་ཀུའེ་ཕྱོགས་དང་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།
         གྲོས་མོལ་གྲུབ་རྗེས། ཕྱོགས་གཉིས་པོས་《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུ་ར་ཀུའེ་ཤར་རྒྱུད་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་》འགྲེམས་སྤེལ་བྱས་པ་རེད།
         རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཕྱི་འབྲེལ་དང་། རིག་གནས། སློབ་གསོ། བཟོ་ལས། ཞིང་ལས། ནུས་རྒྱུ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།

  
2016-10-19 2016-10-14