མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་གྱི་བརྙན་
འཕྲིན་ཁ་པར་ཚོགས་འདུར་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ། 

དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། 

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་འགོད་མཛུབ་སྟོན་ནང་ཞིང་ནང་ཆུ་བེད་འཛུགས་སྐྲུན་ནི་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་པའི་ཡོང་འབབ་མང་དུ་གཏོང་བ། དབུལ་སྒྲོལ་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་རེད་ལ། ཞན་ཆ་གསབ་པ་དང་། ནང་མཁོ་ཆེར་གཏོང་། འཕར་རྒྱུ་བརྟན་པོ་བཅས་ཡོང་བའི་བྱ་ཐབས་ནུས་ལྡན་ཞིག་རེད། འདི་ལོའི་དབྱར་ཁར་རང་རྒྱལ་ལ་ལོ་མང་རིང་འཕྲད་མ་མྱོང་བའི་ཧ་ཅང་ཆེ་བའི་ཆུ་རྒྱས་པ་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་ནས་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དུ་དུས་ཚོད་རིང་པོའི་ནང་ཆུ་ཁ་རྒྱས་པའི་ཉེན་ཁ་འཕྲད་པས་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་དང་། ཚན་རིག་དང་མཐུན་པའི་ཁ་གཏད་གཅོག་པ། གཤོང་འགོག་ཟུང་འབྲེལ་བཅས་བྱས་པ་བརྒྱུད་ཆུ་མཛོད་ཆེ་འབྲིང་རྡིབ་སྐྱོན་གཅིག་ཀྱང་བྱུང་མེད་པ་དང་། གཙང་ཆུ་ཆེན་པོའི་ཆུ་རགས་གཅིག་ཀྱང་ཁ་མ་ཤོར་བར་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྒྲིག་ཆས་གལ་ཆེན་གྱི་བདེ་འཇགས་འགན་ལེན་ཐུབ་པ་བྱུང་ནས། འབྲུབ་འགོག་ཤྭ་འགོག་དང་། རྒུད་སྐྱོབ་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ལ་རྒྱལ་ཁ་གལ་ཆེན་ཐོབ་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་སྡེ་ཚན་ཁག་དང་། འབྲེལ་ཡོད་ས་ཁུལ་ཁག་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས། 
         མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ཀྱིས་དཔུང་པ་མཉམ་གཤིབ་ངང་གནོད་འཚེ་སྔོན་འགོག་བྱེད་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་འདི་ལོའི་དགུན་ཁ་དང་ཕྱི་ལོའི་དཔྱིད་ཀའི་ཞིང་དལ་དུས་སྐབས་དམ་འཛིན་བྱས་ཏེ་ཆུ་བེད་སྒྲིག་ཆས་ཀྱི་ཉམས་ཞན་ལྷུ་ཚིགས་ལ་གཞིགས་ནས་འཆར་འགོད་མཛུབ་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་བེད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མ་འཇོག་དང་། འཛུགས་སྐྲུན། སྐྱེལ་འདྲེན། དོ་དམ་སྲུང་སྐྱོང་བཅས་ཀྱི་ཕུགས་ཕན་ལམ་སྲོལ་གསར་གཏོད་བྱེད་པ། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་མ་དངུལ་སྣ་ཚོགས་ཞུགས་རྒྱུའི་ཡིད་དབང་ཧུར་ཐག་འགུགས་པ། གཞི་རིམ་སྲིད་གཞུང་དང་། སྤྱི་ཚོགས། ཞིང་པ་མང་ཚོགས་སོགས་ཕྱོགས་ཁག་ཧུར་ཐག་ཞུགས་པ་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ། ཞིང་ནང་ཆུ་བེད་དང་ཆུ་བེད་ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་ཆུ་ལོག་སྔོན་འགོག་དང་ཆུ་མཁོ་འདོན་བདེ་འཇགས་འགན་ལེན་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         དབང་དབྱང་གིས་མིག་སྔའི་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་འཆར་འགོད་ལྡན་པའི་ངང་ཡག་པོ་སྒྲུབ་དགོས། འབྲས་བསྡུ་ཉོའི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་དང་མ་རྨོས་ལོ་ཏོག་གསོག་ཉར་ལམ་ལུགས་སྒྱུར་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ནས་ཉོ་སྒྲུབ་མ་དངུལ་དང་། ཉོ་སྒྲུབ་མཛོད་འཇུག དཔྱིད་འབྲུ་ཉོ་སྒྲུབ་བཅས་ཀྱི་བཀོད་སྒྲིག་ཡག་པོ་བྱེད་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་པས་ཁྲོམ་རའི་དགོས་མཁོར་གཞིགས་ཏེ་དགུན་དཔྱིད་ཞིང་ལས་ཐོན་སྐྱེད་བྱེད་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས། ཤིང་འཛུགས་ནགས་བཟོ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་ཚུལ་ལ་ཞིབ་བསྡུར་བྱེད་པ་དང་སྲིད་ཇུས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ལོ་ཧྲིལ་པོའི་དབུལ་སྒྲོལ་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

  
2016-10-19 2016-10-14