མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དམག་དམངས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་རྩལ་མཐོན་པོའི་གྲུབ་
འབྲས་འགྲེམས་སྟོན་སྐབས་གཉིས་པར་གཟིགས་སྐོར་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 10ཚེས་21ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།ཞིས་ཅིན་ཕིང་གིས་དམག་དམངས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་རྩལ་མཐོན་པོའི་གྲུབ་
འབྲས་འགྲེམས་སྟོན་སྐབས་གཉིས་པར་གཟིགས་སྐོར་གནང་བ།

         ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་འགྲེམས་སྟོན་ལ་གཟིགས་པར་ཕེབས་པ། 
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་དམག་དམངས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་རྩལ་མཐོན་པོའི་གྲུབ་འབྲས་འགྲེམས་སྟོན་སྐབས་གཉིས་པར་གཟིགས་སྐོར་གནང་ཞིང་། ཁོང་གིས་དམག་དམངས་ཀྱི་མཉམ་འདྲེས་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་རྒྱལ་ཁབ་དར་རྒྱས་ཡོང་བར་བྱེད་པའི་བྱ་ཐབས་ཤིག་ཡིན་ལ། དམག་དཔུང་སྟོབས་ཆེར་གཏོང་བའི་ཐབས་ཇུས་ཤིག་ཀྱང་ཡིན། དམག་དམངས་ཀྱི་མཉམ་འདྲེས་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་ནས་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་གསར་གཏོད་ལ་མུ་མཐུད་སྐུལ་མ་བཏང་སྟེ་དགོས་མཁོའི་ཕྱོགས་དང་མཁོ་སྤྲོད་ཕྱོགས་ནས་མཉམ་དུ་ཤུགས་རྒྱག་པ་དང་། རྩ་འཛུགས་ཀྱི་དོ་དམ་དང་། ལས་ཀའི་འཁོར་རྒྱུག སྲིད་ཇུས་དང་ལམ་ལུགས་ཐད་ནས་གོ་རིམ་ལྡན་པའི་ངང་སྐུལ་མ་བཏང་སྟེ་དམག་དམངས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་དོན་ཆེན་དེ་ཏན་ཏིག་བསྒྲུབས་ནས་དམག་དམངས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བའི་རྣམ་པ་ཞིག་གང་མགྱོགས་ཆགས་པ་བྱེད་པ་དང་། དམག་དམངས་མཉམ་འདྲེས་ཀྱི་སྣེ་འདྲེན་འདུ་འགོད་དང་སྤུས་རྟགས་འདུ་འགོད་ཧུར་ཐག་གཏོད་དེ་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེའི་ཕུགས་འདུན་འགྲུབ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུར་ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྕགས་ཁྲབ་དམག་ལས་གྲྭའི་སློབ་གླིང་གི་འགྲེམས་སྟོན་ཁང་ལ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་པ་རེད། འགྲེམས་སྟོན་ནི་ཀྲུང་དབྱང་དམག་ཨུད་སྒྲིག་ཆས་འཕེལ་རྒྱས་པུའུ་དང་། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་ཞིང་། “དམག་དམངས་མཉམ་འདྲེས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་དམག་དམངས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཚན་རྩལ་གསར་གཏོད་ཁུལ་དང་། འགྲན་རྩོད་གསོན་ཤུགས་ཁུལ། རྨང་གཞིའི་འགན་ལེན་ཁུལ། ཆ་འཕྲིན་འགྲེམས་སྤེལ་ཁུལ། གོ་མཚོན་ཆེ་གྲས་འགྲེམས་སྟོན་ཁུལ་སོགས་འགྲེམས་ཁུལ་5ལ་དབྱེ་ཡོད་པ་དང་ལག་རྩལ་མཐོ་བའི་ཐོན་རྫས་དང་མཐོ་གསར་ལག་རྩལ་གྱི་གྲུབ་འབྲས་སོགས་བརྒྱུད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཁྱོན་ཡོངས་དང་ཆ་ལག་ཚང་བའི་ངང་འགྲེམས་སྟོན་བྱས་ཡོད་པ་རེད།
         སྔོན་ཐོན་གྱི་ལག་རྩལ་སྤྱད་པའི་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་སྲུང་སྐར་དང་། ཆུ་འོག་འཕྲུལ་མི། ནང་འདྲེན་ལྷུ་ལག་གི་ཚབ་བྱེད་ཐུབ་པའི་འོད་ནུས་དཔྱད་ཆས་རྩེ་གྲ དམག་དམངས་མཉམ་སྤྱོད་ཀྱི་རྩིས་རྒྱག་འཕྲུལ་འཁོར་དང་འགྱེད་འཕྲོའི་འདུས་གྲུབ་གློག་ལམ། དམག་དམངས་མཉམ་འདྲེས་ཁྱབ་ཁོངས་ནང་བེད་སྤྱོད་ཀྱི་མདུན་ལམ་ཡངས་པའི་རྩེར་སོན་གྱི་ལུགས་རྒྱག་ལག་རྩལ། ཐཱན་གྱི་ཚི་སྣ་དང་དེའི་འདྲེས་སྦྱོར་རྒྱུ་ཆའི་ལྟེ་བའི་ལག་རྩལ། སྤྲིན་ཚོགས་གྲངས་གཞིའི་གསང་སྡོམ་ལག་རྩལ། ནུས་ཆེ་སྟབས་བདེའི་མཉམ་བསྲེས་སྒུལ་ཤུགས་ཀྱི་ནུས་རྒྱུ་གསར་པའི་གློག་ཁང་། རང་བརྟེན་ཤེས་བྱའི་བདག་དབང་ལྡན་པའི་ལད་ཟེར་གྱི་3Dཡིག་དཔར་འཕྲུལ་ཆས་ཆེ་གྲས། གྲལ་སྟར་འགྲིག་པའི་མི་མེད་གནམ་གྲུ་དང་གྲུ་གཟིངས་ཆེ་གྲས་སོགས་གོ་མཚོན་ཆེ་གྲས་དང་། དཔེ་དབྱིབས། ངོ་མཚར་ཆེ་བའི་བརྙན་ལམ་བཅས་ཚང་མས་ཞིས་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོའི་ཡིད་ཀྱི་བརྟན་པ་འཕྲོག་སྟེ་ཁོང་རྣམ་པས་སྐབས་སྐབས་སུ་ཕེབས་མཚམས་བཞག་ནས་ཞིབ་པར་གཟིགས་ཞོར་དུ་གསལ་འགྲེལ་ནན་ཏན་ངང་གསན་པ་མ་ཟད། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་ཡང་གནང་བ་རེད།

  
2016-10-19 2016-10-14